༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༣ ཚེས་ ༡༣ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༢ པ་འཚོག་བཞིན་པ་དང་སྟབས་བསྟུན་འཇིག་ཉེན་ཡོད་པའི་མི་རིགས་སྲུང་སྐྱོབ་ལྷན་ཚོགས་དང་། སུད་སི་སྐུ་ཚབ་དོན་ཁང་། རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་བཅས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་ཟུར་ཚོགས་ཤིག་བསྐོང་ཚོགས་གནང་སྟེ་རྒྱ་ནག་གཞུང་གིས་བོད་མི་དང་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་རྩིས་མེད་གཏོང་བཞིན་པའི་གནས་ཚུལ་གསལ་སྟོན་གནང་ཡོད་པ་རེད།
ཟུར་ཚོགས་དེའི་ནང་གཙོ་བོ་རྒྱ་ནག་གིས་བོད་མི་དང་ཡུ་གུར་གཙོ་བོར་གྱུར་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་ཚུལ་གསལ་སྟོན་དྲིལ་བསྒྲགས་གནང་ཡོད་ཅིང་། ཟུར་ཚོགས་ཀྱི་གཙོ་སྐྱོང་འཇིག་ཉེན་ཡོད་པའི་མི་རིགས་སྲུང་སྐྱོབ་ལྷན་ཚོགས་ཀྱི་ཚོགས་མི་ཧ་ནོ་ཤི་ཊལ་ (Hanno Schedler) ལགས་ཀྱིས་གནང་ཡོད་པ་དང་། སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཇར་མ་ནཱིའི་ཡན་ལག་འགན་འཛིན་ཀའི་མུ་ལར་ (Kai Mueller) ལགས། ཤར་ཏུར་ཀིསྟན་དུ་བཙོན་པའི་གསོག་སྒར་ལ་སྡུག་སྦྱོང་མྱོང་མཁན་གུལ་བྷ་ཧར་ཧ་ཏི་ཝ་ཇི་ (Gulbahar Hatiwaji) ལགས། དེ་བཞིན་རྒྱལ་སྤྱིའི་ཡུ་གུར་ལྷན་ཚོགས་ཀྱི་ལས་གཞི་དང་ཞུ་གཏུག་འགན་འཛིན་ཛུམ་རེ་ཏེན་ཨར་ཀི་ (Zumretay Arkin) ལགས་བཅས་ནས་གསུང་བཤད་གནང་ཡོད།
སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། ཀའི་མུ་ལར་ལགས་གཉིས་ནས་བོད་ནང་གི་གནས་སྟངས་སྤྱི་དང་། ལྷག་པར་རྒྱ་ནག་གཞུང་གིས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བོད་ཕྲུག་ས་ཡ་གཅིག་ལྷག་སློབ་འཇུག་བྱས་ཏེ་བོད་མི་རིགས་རིག་གཞུང་དང་བཅས་པ་རྒྱ་ནག་ཅན་དུ་སིམ་ཡལ་གཏོང་ཐབས་རྩོམ་བཞིན་པའི་སྐོར་དང་། བོད་མི་ཞིང་འབྲོག་མི་མང་དུ་མ་བཙན་པོས་གནས་གཞི་སྤོ་རུ་འཇུག་བཞིན་པ། བོད་བརྒྱུད་ནང་བསྟན་ལ་དོ་ཕོག་གཏོང་བཞིན་པའི་ཁར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་གནད་དོན་ལ་ཐེ་བྱུས་བྱེད་བཞིན་པ། བོད་མིའི་རིགས་རྫས་དཔེ་མཚོན་བསྡུ་རུབ་བྱེད་བཞིན་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གསལ་བཤད་གནང་ཡོད། ཁོང་རྣམས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་གཞུང་ལ་གནད་དོན་དེ་དག་གི་འགན་ཁུར་དུ་འཇུག་དགོས་པ་མ་ཟད། རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་ཐོབ་ཐང་བཅས་ཀྱི་ཚོགས་ཆུང་གི་ཞིབ་འཇུག་རྙེད་དོན་རྣམས་རྒྱ་ནག་གཞུང་ལ་ལག་བསྟར་བྱ་རུ་འཇུག་དགོས་པའི་རེ་སྐུལ་ཞུས་ཡོད། ཟུར་ཚོགས་སུ་ཡུ་གུར་བཙོན་པའི་གསོག་སྒར་ནང་སྡུག་སྦྱོང་མྱོང་མཁན་གུལ་བྷ་ཧར་ཧ་ཏི་ཝ་ཇི་ལགས་ཀྱིས་ཁོང་མོ་བཙོན་པའི་གསོག་སྒར་དུ་སྡོད་སྐབས་ཀྱི་ཉམས་མྱོང་སྤྱི་དང་། བྱེ་བྲག་ཏུ་མི་སྤྱོད་ལས་འདས་པའི་དཀའ་སྡུག་མྱངས་པའི་གནས་ཚུལ་གསལ་བཤད་གནང་ཡོད། ཛུམ་རེ་ཏེན་ཨར་ཀི་ལགས་ཀྱིས་སྔ་ལོ་རྒྱལ་ཚོགས་སུ་ཡུ་གུར་གནད་དོན་དང་འབྲེལ་བའི་གྲོས་ཆོད་གཏན་འབེབས་སྐབས་ཚོགས་མི་ཁ་ཆེ་རྒྱལ་ཁབ་རྣམས་ནས་ཀྱང་རྒྱབ་སྐྱོར་མ་བྱས་པར་བློ་ཕམ་ཆེན་པོ་བྱུང་ཞེས་གསུངས།
ཐེངས་འདིའི་ཟུར་ཚོགས་ཐོག་ཚོགས་མི་རྒྱལ་ཁབ་ཀྱི་སྐུ་ཚབ་རྣམ་པ་དང་། རྒྱལ་སྤྱིའི་གཞུང་ཁོངས་མིན་པའི་ཚོགས་པ། དེ་བཞིན་རྒྱལ་ཚོགས་ཀྱི་ཡན་ལག་ཚོགས་ཆུང་གི་སྐུ་ཚབ་སོགས་ཀྱང་མཉམ་ཞུགས་གནང་ཡོད་པ་བཅས།།