༄༅། །ཨོསྟྲེ་ལི་ཡཱའི་ཕྱི་སྲིད་བློན་ཆེན་གཞོན་པ་སྐུ་ཞབས་ཀྲིམ་ཝཊ་ (Tim Watts) མཆོག་གིས་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༣ ཚེས་ ༠༡ ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་རྒྱ་ནག་གཞུང་གིས་དྲག་གནོན་ཅན་གྱི་སྲིད་བྱུས་འོག་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་གི་ཐོབ་ཐང་རྡོག་རོལ་རྩིས་མེད་གཏོང་བཞིན་པར་ཐུགས་འཚབ་ཤུགས་ཆེ་བསྟན་ཡོད།
དེ་ཡང་ཕྱི་སྲིད་བློན་ཆེན་གཞོན་པ་ཀྲིམ་ཝཊ་མཆོག་གི་བསྒྲགས་གཏམ་ནང་། འཛམ་གླིང་རྒྱལ་ཁབ་སུ་གང་ལའང་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཡང་དག་པ་ཞིག་མེད་པ་མ་ཟད། རྒྱལ་ཁབ་སུ་གང་ཡང་འགྲོ་བ་མིའི་ཐོབ་ཐང་གི་ལས་འགན་ཚུལ་བཞིན་ཁུར་མིན་ཞིབ་འཇུག་བྱེད་མཁན་འོག་ནས་ཐར་ས་མེད། ང་ཚོས་འཐུས་ཤོར་འགྲོ་གི་ཡོད་ན། གཞན་ལས་བསླབ་བྱ་བླངས་ནས་ཡར་རྒྱས་གཏོང་དགོས་པ་ལས་བསླབ་བྱ་རྒྱག་མཁན་ལ་སྡང་པོ་བྱེད་མི་རུང་། ཞེས་གསུངས།
ཕྱོགས་མཚུངས་ཁོང་གིས་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་རྣམ་པ་དང་། རྒྱལ་ཁབ་སོ་སོའི་སྐུ་ཚབ་ཨོསྟྲེ་ལི་ཡཱར་མགྲོན་འབོད་གནང་བ་དང་སྦྲགས། འགྲོ་བ་མི་རིགས་ཀྱི་ཐུན་མོང་གི་དམིགས་ཡུལ་དེ་མི་ཚང་མར་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ཞི་བདེ་དང་ཡར་རྒྱས་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་ཡིན་ཞེས་སོགས་ཀྱི་འགྲེལ་བརྗོད་གནང་ཡོད་པ་བཅས།།