༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༢༢ དང་ ༢༣ ཉིན་འཇར་མན་ནང་གི་རྒྱལ་སྤྱིའི་གུ་ཡངས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇུར་གྷན་མར་ཊེ་སི་ (Dr. Juergen Martess, President of Deutsche Gruppe der Liberal International (DGLI) ལགས་དང་། འཇར་མན་ནང་གི་རྒྱལ་སྤྱིའི་གུ་ཡངས་ཚོགས་པའི་ཚོགས་གཞོན་དང་། འཇར་མན་རོགས་ཚོགས་ (FNF) ལྷོ་ཨེ་ཤི་ཡའི་སྡེ་ཚན་གྱི་འགན་འཛིན་སྐུ་ཞབས་ཀཱར་སི་ཊེན་ཀེ་ལེན་ (Dr. Carsten Klein, Head of Regional Office South Asia, FNF) ལགས་སོགས་རྒྱལ་སྤྱིའི་གུ་ཡངས་ཚོགས་པའི་སྐུ་ཚབ་ཚོགས་ཆུང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད།དེ་བཞིན་སྐུ་ཚབ་ཚོགས་ཆུང་བོད་མི་མང་སྤྱི་འཐུས་ལྷན་ཁང་དང་གྲོས་ཚོགས་ཀྱི་ཚོགས་ཁང་ནང་ཟུར་ཉན་དུ་ཕེབས་ཡོད་ལ། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྣེ་ལེན་དང་གྲོས་ཚོགས་ནས་དགའ་བསུ་ཞུས་གནང་ཡོད། གཞན་ཡང་སྐུ་ཚབ་ཚོགས་ཆུང་གིས་བཀའ་ཤག་མཇལ་འཕྲད་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་མཇལ་འཕྲད་ཀྱིས་དྲན་རྟེན་གསོལ་རས་ཕུལ་ཡོད། བཀའ་ཤག་ནས་སྐུ་ཚབ་ཚོགས་ཆུང་ལ་ཉིན་གུང་གི་གསོལ་ཚིགས་ཤིག་གོ་སྒྲིག་གནང་ཡོད། ཕྱོགས་མཚུངས་སྐུ་ཚབ་ཚོགས་ཆུང་༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དང་། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་། གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། རྡ་སྟེང་བོད་ཁྱིམ་སློབ་གྲྭ་བཅས་ལ་གཟིགས་སྐོར་ཕེབས་ཡོད།ཕྱི་ཚེས་ ༢༣ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྡ་སྟེང་བོད་ཁྱིམ་དུ་སྐུ་ཚབ་ཚོགས་ཆུང་ལ་དགོང་ཚིགས་རྒྱས་སྟོན་ཞིག་གོ་སྒྲིག་ཞུས་གནང་ཡོད། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག དཔལ་ལྡན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག བོད་མི་མང་སྤྱི་འཐུས་རྣམ་པ་ཆེད་ཕེབས་གནང་ཡོད་པ་བཅས།།