༄༅། །མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༥༢ པ་འཚོག་བཞིན་པའི་སྐབས་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཨ་རི་དང་། ཡུ་རོབ་མཐུན་ཚོགས། ཉི་འོང་། ཨོསྟྲེ་ལི་ཡཱ། ཨོསྟྲི་ཡཱ། སྦེལ་ཇམ། ཅེག་སྤྱི་མཐུན་རྒྱལ་ཁབ། ཌེན་མཱརྐ། ཕིན་ལེནྜ། ཇར་མ་ནཱི། ཨཱ་ཨིས་ལེནྜ། ལི་ཐུ་ནི་ཡཱ། ནོར་ཝེ། སྭ་ཛི་ལེནྜ། ཨིན་ཡུལ། སྭི་ཌན་སོགས་ནས་རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་བོད་ཚུད་པའི་རྒྱ་ནག་གཞུང་གི་དབང་བསྒྱུར་འོག་ཡོད་པའི་ས་ཁུལ་གཞན་ཁག་ཏུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་སྐོར་ཐུགས་འཚབ་ཀྱིས་གླེང་སློང་ཤུགས་ཆེ་གནང་སྟེ་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྒྲིག་ཁག་ལ་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་གནང་འདུག
དེ་ཡང་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ཨོསྟྲེ་ལི་ཡཱའི་སྐུ་ཚབ་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་སྟེ་བོད་མིའི་ཆོས་དད་དང་རིག་གཞུང་། སྐད་ཡིག་བཅས་ཀྱི་ཐོབ་ཐང་དང་རང་དབང་རྩ་གཏོར་གཏོང་བཞིན་པར་ཧ་ཅང་ཐུགས་འཚབ་ཡོད་སྐོར་གསུངས།
སྦེལ་ཇམ་གྱི་སྐུ་ཚབ་ནས་རྒྱ་ནག་གཞུང་གིས་བོད་པའི་ཕྲུ་གུ་རྣམས་བཙན་དབང་གིས་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་བ་དང་། རིགས་རྫས་དཔེ་མཚོན་བསྡུ་ལེན་བྱེད་བཞིན་པར་ཧ་ཅང་ཐུགས་འཚབ་ཡོད་སྐོར་གསུངས།
ཕིན་ལེནྜའི་སྐུ་ཚབ་ནས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ། ཁྲིམས་རྩོད་པ། ཤེས་ལྡན་མི་སྣ་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་འགན་ལེན་ངེས་པར་བྱེད་དགོས་པའི་འབོད་སྐུལ་གནང་ཡོད།
ཨ་རིའི་སྐུ་ཚབ་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས། རྒྱ་ནག་གཞུང་གིས་བོད་དང་ས་ཁུལ་གཞན་ཁག་ཏུ་མནར་སྤྱོད་གཏོང་བཞིན་པའི་ཐད་ངེས་པར་ཐུགས་སྣང་གནང་དགོས། ཞེས་གསུངས།
དེ་བཞིན་ཌེན་མཱརྐ་དང་། ཨིན་ཡུལ། ཡུ་རོབ་མཐུན་ཚོགས། ཉི་འོང་། སྦེལ་ཇམ། ཅེག་སྤྱི་མཐུན་རྒྱལ་ཁབ། ཇར་མ་ནཱི། ཨཱ་ཨིས་ལེནྜ། ལི་ཐུ་ནི་ཡཱ། ནོར་ཝེ། སྭ་ཛི་ལེནྜ། སྭི་ཌན་སོགས་ཀྱི་སྐུ་ཚབ་ནས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བ་མ་ཟད། བོད་པའི་ཕྲུ་གུ་རྣམས་ཕ་མ་དང་ཁ་བྲལ་བཅུག་སྟེ་བཙན་དབང་གིས་གཏན་འཇགས་སློབ་གྲྭ་ཁག་ཏུ་གཏོང་བཞིན་པའི་སྐོར་ཧ་ཅང་ཐུགས་འཚབ་ཡོད་སྐོར་གསུངས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ (UN High Commissioner for Human Rights) ཚོགས་གཙོ་སྐུ་ཞབས་ཝོལ་ཀར་ཊར་ཀི་ (Volker Turk) མཆོག་གིས་རྒྱ་ནག་གཞུང་དང་ལྷན་དུ་བོད་མི་དང་། ཡུ་གུར་མི་རིགས། མི་རིགས་གཞན་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་སྐོར་འབྲེལ་མོལ་གྱི་སྒོ་མོ་ཕྱེ་ཡོད་སྐོར་གསུངས།།