༄༅། །ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་ (Congressional-Executive Commission on China) ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༢༨ ཉིན་ཨ་རིའི་གྲོས་ཚོགས་ཁང་དུ་རྒྱ་ནག་གཞུང་གིས་བོད་མིའི་རིག་གཞུང་རྩ་བརླག་དང་རྒྱལ་སྤྱིའི་རྒྱལ་མཚམས་ལས་བརྒལ་ནས་དྲག་གནོན་བྱེད་བཞིན་པའི་སྐོར་ཉན་ཞིབ་ཀྱི་ཚོགས་འདུ་ཞིག་བསྐོང་ཚོགས་གནང་ཡོད།
ཨ་རིའི་གྲོས་ཚོགས་འོག་མིའི་མཐུས་མི་དང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཟུང་འབྲེལ་ཚོགས་གཙོ་སྐུ་ཞབས་ཁིར་སི་སི་མི་ཐི་ (Chris Smith) མཆོག་དང་ཟུང་འབྲེལ་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེབ་མར་ཀི་ལི་ (Jeff Merkley) མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་དང་། རྒྱལ་སྤྱིའི་རྒྱལ་མཚམས་ལས་བརྒལ་ཏེ་བོད་མི་རྣམས་ལ་དྲག་གནོན་བྱེད་བཞིན་པ་སོགས་ཀྱི་སྐོར་ངོ་སྤྲོད་གནང་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དྲ་ལམ་བརྒྱུད་ཉན་ཞིབ་ཀྱི་ཚོགས་འདུར་མཉམ་ཞུགས་ཀྱིས་བདེན་དཔང་ངོ་སྤྲོད་གནང་ཡོད། དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཅར་ཌི་གྷེར་ (Richard Gere) ལགས་དང་། བོད་དོན་ལས་འགུལ་བསྟི་གནས་ཁང་གི་ངེས་སྟོན་པ་བཀྲས་མཐོང་ལྷ་སྒྲོན་ལགས། ཉམས་ཞིབ་པ་བསྟན་འཛིན་རྡོ་རྗེ་ལགས་བཅས་ཉན་ཞིབ་ཀྱི་ཚོགས་འདུར་མཉམ་ཞུགས་ཀྱིས་བདེན་དཔང་གནང་ཡོད།དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་དོན། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི་རྣམ་པ། དེ་བཞིན་ཚོགས་བཅར་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་བོད་མིའི་སྒྲིག་འཛུགས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ནི། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དགོངས་ཚུལ་བཏོན་གནང་མཛད་པ་དང་། དེར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱབ་སྐྱོར་གྱིས་གཏན་འབེབས་གནང་བའི་སྲིད་བྱུས་ཤིག་ཡིན། ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་ད་བར་བོད་རྒྱའི་གྲོས་མོལ་བྱུང་མེད་ནའང་ང་ཚོའི་ངོས་ནས་བོད་རྒྱའི་དཀའ་རྙོག་ཞི་བའི་ལམ་ནས་སེལ་ཐུབ་པའི་རེ་བ་རྒྱག་གི་ཡོད། ཅེས་དང་།འདས་པའི་ལོ་ཤས་ནང་མཉམ་འབྲེལ་རྒྱལ་ཚོགས་དང་། རང་དབང་གི་ཉམས་ཞིབ་བསྟི་གནས་ཁང་། ཆེད་མཁས་པ་སོགས་ནས་སྙན་ཐོ་བཏོན་པའི་ནང་རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་དང་། སྐད་ཡིག་གཅིག ཆོས་ལུགས་གཅིག རིག་གཞུང་གཅིག་བཅས་ཀྱི་སྲིད་བྱུས་ལག་བསྟར་བྱས་ཏེ་བོད་མི་དང་གྲངས་ཉུང་མི་རིགས་གཞན་གྱི་ངོ་བོ་དང་རིག་གཞུང་སིམ་ཡལ་གཏོང་བཞིན་པ། རང་དབང་ཁང་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ་ནས་བོད་དང་། སི་རི་ཡ། ལྷོ་སུ་ཌན་བཅས་ནི་འཛམ་གླིང་ནང་ཆེས་རང་དབང་མེད་པའི་སྙན་ཐོའི་ཐོ་གཞུང་ནང་བཀོད་ཡོད། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ནང་བོད་མི་གྲངས་ ༡༥༧ གྱིས་བོད་མིའི་རང་དབང་ཆེད་དུ་རང་ལུས་མེར་སྲེག་བཏང་ཡོད། རྒྱ་ནག་གཞུང་གིས་ཕྱིའི་དངོས་པོ་དང་འཛུགས་སྐྲུན་ཡར་རྒྱས་ཁོ་ནར་དོ་སྣང་བྱས་སྟབས་བོད་མིའི་དངོས་ཡོད་ཀྱི་མངོན་འདོད་གང་ཡིན་ཤེས་རྟོགས་བྱས་ཐུབ་མེད་པའི་སྐོར་གསུངས།དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་མིའི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་ནི་བོད་མིའི་ངོ་བོ་གཙོ་བོ་དེ་ཡིན་ལ། བྱམས་བརྩེ་དང་འཚེ་བ་མེད་པའི་ལྟ་གྲུབ་ནི་བོད་མིའི་རིག་གཞུང་གི་རྩ་བ་ཡིན་པས། དེས་འཛམ་གླིང་ནང་ཞི་བདེ་དང་འཆམ་མཐུན་གོང་མཐོར་གཏོང་ཐུབ་ངེས་ཡིན། ཞེས་དང་། རྒྱ་ནག་དམར་ཤོག་གཞུང་གིས་བོད་མིའི་ཐུན་མོན་མིན་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ངོས་འཛིན་ལམ་ལུགས་ལ་སྟངས་འཛིན་དང་བོད་བརྒྱུད་ནང་བསྟན་གྱི་ཤེས་ཡོན་སློབ་གསོ་ལ་ཐེ་བྱུས་བྱེད་བཞིན་ཡོད་པ། རྒྱ་ནག་གཞུང་ནས་མགྱོགས་མྱུར་གྱིས་བོད་མིའི་རིག་གཞུང་སིམ་ཡལ་གཏོང་སླད་བོད་ནང་བོད་མི་ཕོན་ཆེན་རྒྱ་ནག་དང་བོད་ནང་ཁུལ་ལ་གནས་སྤོ་བྱེད་དུ་བཅུག་ཡོད་པ་མ་ཟད། བོད་པའི་གཞོན་སྐྱེས་ཕོན་ཆེ་རྒྱ་ནག་ནང་ངལ་རྩོལ་བྱེད་དུ་བཏང་བ་དང་། རྒྱ་རིགས་ཕོན་ཆེ་བོད་དུ་གནས་སྤོ་བྱེད་དུ་བཅུག་པ། བོད་པའི་ཕྲུ་གུ་རྣམས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་བའི་སྐོར་གསུངས།ཕྱོགས་མཚུངས་དཔལ་ལྡན་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་བོད་ནང་ནུབ་ཕྱོགས་ཡར་རྒྱས་འཛུགས་སྐྲུན་གྱི་ལས་གཞི་ལ་ཁ་གཡར་ནས་གཏེར་ཁ་སྔོག་འདོན་དང་། དེ་བཞིན་གློག་གི་ཆུ་མཛོད་དང་། མེ་འཁོར་ལྕགས་ལམ། གནམ་གྲུ་ཐང་། གཞུང་ལམ་བཅས་རྒྱ་སྐྱེད་འཛུགས་སྐྲུན་གྱི་ལས་གཞི་སྤེལ་ཏེ་གས་ཆག་ཤོར་སླ་བའི་བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེ་གཏོང་བཞིན་ཡོད་པ།
ཨེ་ཤི་ཡའི་མི་འབོར་ཐེར་འབུམ་གཉིས་ཙམ་གྱིས་བོད་མཐོ་སྒང་ནས་བཞུར་བཞིན་པའི་གཙང་པོ་ཁག་ལ་བརྟེན་ནས་འཚོ་བཞིན་ཡོད་པས་བོད་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པའི་གལ་གནད།
རྒྱ་ནག་གཞུང་གིས་ད་ལྟའི་སྲིད་བྱུས་ལ་བསྒྱུར་བ་ཞིག་མ་བཏང་ཚེ་བོད་དང་བོད་མི་རྣམས་རིམ་པས་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་སོགས་ཀྱི་སྐོར་གསུངས་རྗེས་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི་རྣམ་པས་བོད་དོན་སྐོར་གྱི་ཉན་ཞིབ་ཀྱི་ཚོགས་འདུ་གོ་སྒྲིག་གནང་བར་ཐུགས་རྗེ་ཆེ་ཞུས་གནང་དང་འབྲེལ་ཉན་ཞིབ་ཚོགས་འདུ་དེས་བོད་ནང་གི་བོད་མི་དང་བཙན་བྱོལ་བོད་མི་རྣམས་ལ་བོད་མིའི་བདེན་པའི་འཐབ་རྩོད་རྒྱུན་སྐྱོང་བྱེད་པར་སེམས་ཤུགས་འཕར་མ་བསྐྱེད་དུ་བཅུག་ཡོད། ཅེས་དང་།
གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཨ་རིའི་གྲོས་ཚོགས་དང་ཨ་རིའི་མི་མང་གིས་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་དང་། ལྷག་པར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་ཞིག་ངོ་སྤྲོད་གནང་ཡོད་པ་དེ་ཨ་རིའི་ཁྲིམས་སུ་གཏན་འབེབས་གནང་ཐུབ་པའི་རེ་བ་ཤུགས་ཆེ་ཡོད། ཅེས་གསུངས་ཡོད།ཨ་རིའི་གཞུང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ཨ་ཛི་རཱ་ཛེ་ཡ་ (Uzra Zeya ) མཆོག་གིས་བརྙན་འཕྲིན་བརྒྱུད་རྒྱ་ནག་གཞུང་གིས་བོད་པའི་ཕྲུ་གུ་རྣམས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་དང་གཏོང་བཞིན་པའི་ཐད་དང་། བོད་མིའི་རིགས་རྫས་དཔེ་མཚོན་བསྡུ་ལེན་བྱེད་བཞིན་པའི་སྐོར་ཧ་ཅང་ཐུགས་འཚབ་ཡོད་པ། བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་འགན་རྒྱ་ནག་དམར་ཤོག་གཞུང་ལ་འཁུར་དུ་འཇུག་དགོས་པ། བོད་དོན་སླད་དུ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ། ཨ་རི་གཞུང་གི་ངོས་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དུ་གནས་ཚུལ་ཕར་འགྲོ་ཚུར་འོང་སླད་རམ་འདེགས་ཇི་ལྟར་གནང་དགོས་པའི་སྐོར་སོགས་གསུངས་ཡོད།
གཞན་ཡང་ཐེངས་འདིའི་ཉན་ཞིབ་ཀྱི་ཚོགས་འདུར་བྱང་ཨ་རི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་བརྒལ་འགན་འཛིན་གཞོན་པ་བསྟན་ཆོས་རྒྱ་མཚོ་ལགས། དེ་བཞིན་བོད་དོན་ཞུ་གཏུག་པ་བོད་མི་གཞན་ཁག་གཅིག་སོགས་མཉམ་ཞུགས་གནང་ཡོད་པ་བཅས།།