༄༅། །ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ཚོས་རྒྱ་གཞུང་གི་བཙན་གནོན་ལ་ངོ་རྒོལ་བྱས་ཏེ་མི་ལོ་ ༦༤ དང་། ལོ་བསྟུད་མ་གསུམ་ལ་ཞི་རྒོལ་བྱས་རྗེས་ཕྱི་ལོ་ ༡༩༨༩ ལོར་རྒྱ་གཞུང་གིས་ལྷ་སར་དྲག་པོའི་ཁྲིམས་གཞི་བསྡམས་ཏེ་ལོ་ངོ་ ༣༤ དང་། ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་ལངས་ཏེ་ལོ་ངོ་ ༡༥ འཁོར་བ་བཅས་ཀྱི་དུས་ཚིགས་ཁྱད་པར་ཅན་འདིར། བོད་མི་རིགས་དང་རྒྱལ་བསྟན་ཆབ་སྲིད་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་བའི་དཔའ་བོ་དཔའ་མོ་རྣམས་རྗེས་སུ་དྲན་པའི་སྒོ་ནས་མཆོག་གསུམ་རྒྱལ་བ་རྒྱ་མཚོར་བསྔོ་སྨོན་གསོལ་འདེབས་དང༌། དེ་དག་གི་རྗེས་ཤུལ་ནང་མི་དང་། རྒྱ་ནག་དམར་གཞུང་གི་བཙན་འོག་ཏུ་སྡུག་སྦྱོང་མནར་གཅོད་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།
སྐུ་ཞབས་མི་ཀུ་ལ་པེཀ་སཱ་ལགས་དབུས་པའི་ཡུ་རོབ་མཐུན་ཚོགས་ཀྱི་གྲོས་ཚོགས་འཐུས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་དང་ཕྱག་རོགས་ལས་བྱེད། མེཀ་སི་ཀོའི་སྐུ་ཞབས་སལ་ཝ་ཌོར་ཁ་རོ་ལགས་དབུས་པའི་གྲོས་ཚོགས་འཐུས་མི་ ༩ ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་དང་། བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ། ལི་ཐུའི་ནི་ཡའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་རུ་ན་སི་ཝ་ལིན་སི་ཀསི་ལགས་དང་། ཨ་རིར་རྟེན་གཞི་བྱས་པའི་རྒྱལ་ཡོངས་མང་གཙོ་ཐེབས་རྩའི་གཙོ་འཛིན་སྐུ་ཞབས་ཌེ་མོན་ཝིལ་སོན་ལགས་བཅས་ས་ཐག་རིང་པོ་ནས་བོད་མིར་ཆབ་སྲིད་ཀྱི་རྒྱབ་སྐྱོར་མཚོན་ཆེད་དེ་རིང་གི་མཛད་སྒོ་འདིར་ཆེད་ཕེབས་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མི་ལོ་ ༦༤ གོང་གི་དེ་རིང་། ལྷ་སར་བཅའ་སྡོད་རྒྱ་དམག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱུན་སྲོལ་འགྲོ་ལུགས་དང་མི་མཐུན་པའི་ཐོག་ནས་དམག་སྒར་དུ་གཟིགས་མོར་གདན་ཞུ་ཕུལ་བ་མ་ཟད། སྐུ་སྲུང་བ་གྲངས་བཅད་ཐོག་དེ་དག་གིས་གོ་མཚོན་ཁྱེར་མི་ཆོག་པའི་བཙན་བཀའ་བཏང་བར་བརྟེན། ལྷ་སར་གནས་སྡོད་བོད་མི་ཚོས་ཆིབས་བསྒྱུར་གནང་མ་དགོས་པའི་གསོལ་འདེབས་དང་ཆབས་ཅིག །རྒྱ་ནག་གཞུང་གི་བྱེད་བབ་ལ་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་ཡོད་པ་དང་། དེ་ནི་ལོ་ཤས་གོང་ནས་བཟུང་མདོ་ཁམས་གཉིས་སུ་དམངས་གཙོ་བཅོས་བསྒྱུར་ཞེས་ས་ཞིང་བཅོས་བསྒྱུར་དང་མཉམ་ལས་ཅན་གྱི་ལས་འགུལ་གཉིས་སྟབས་གཅིག་ཏུ་སྤེལ་ཏེ་བོད་མིའི་ས་ཞིང་དང་སྒོ་ཟོག །ཐོན་སྐྱེད་ཡོ་བྱད་བཅས་པ་ཐུན་མོང་གི་མིང་ཐོག་ཏུ་བཙན་བསྡུ། ཁྲལ་རིགས་ལྡབ་སྤར། ཆོས་ལུགས་ལམ་ལུགས་བཅོས་བསྒྱུར་ཞེས་གྲྭ་བཙུན་བསྒྱུར་བཀོད་དང་དགོན་སྡེ་རྣམས་རྩ་གཏོར་གཏོང་བའི་སྲིད་བྱུས་ལག་བསྟར་བྱས་པར་བོད་མིས་ངོ་རྒོལ་བྱས་སྟབས། བླ་དཔོན་མི་དྲག་ཚོགས་འདུ་དང་གསོལ་ཚིགས་སུ་བསླུ་ཁྲིད་ཀྱིས་བཙོན་འཇུག་དང་། ཇག་འཇོམས་དང་ཟིང་འཁྲུག་ཞོད་འཇགས་ཀྱི་མིང་ཐོག་ནས་མང་ཚོགས་དམར་གསོད་སོགས་ཀྱི་སྡིག་སྤྱོད་ཚབས་ཆེན་སྤེལ་བའི་ཉམས་མྱོང་རྣམས་དྲན་ཡུལ་དུ་སོས་པ་ཡོད་པ་དང་། ལོ་ངོ་བརྒྱད་ཙམ་རིང་རྒྱ་ནག་དབུས་གཞུང་དང་བོད་འབྱོར་རྒྱ་མིའི་དཔོན་རིགས་ཚོས་གྲོས་མཐུན་དོན་ཚན་བཅུ་བདུན་བཤིག་དབྲལ་བཏང་བའི་བྱ་བྱེད་མིག་མཐོང་ལག་ཟིན་ཇི་བྱུང་གཞི་ལ་བཞག་སྟེ་མ་བསྐུལ་དང་བླངས་ཀྱིས་ལས་འགུལ་སྤེལ་བ་ཞིག་ཡིན།
བོད་མིའི་རང་དབང་སྒེར་ལངས་དེ་ལ་བརྟེན་ནས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་བོད་ཀྱི་ཆོས་སྲིད་ཀྱི་དབུ་ཁྲིད་རྣམས་རྒྱའི་དམག་སྒར་ལྟེ་བར་ཕེབས་བཤོལ་ཐུབ་སྟེ་བོད་མི་རིགས་འདིའི་ལས་དབང་དཀྱོག་མཚམས་གསར་པ་ཞིག་ཏུ་ཁ་ལོ་བསྒྱུར་ཐུབ་ཡོད་ལ། བོད་སྐྱོང་ལྷ་སྲུང་གི་སྡོང་གྲོགས་དང་། གཞུང་དམག་དང་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་སྐུ་བཅར་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། བཀའ་བློན་རྣམ་པ་རང་དབང་ལུང་པར་བཙན་བྱོལ་དུ་བདེ་འབྱོར་བྱུང་ཞིང་། གཞུང་ཞབས་དང་སྐྱ་སེར་མང་ཚོགས་ཁྲི་བརྒྱད་ཙམ་རིམ་པས་ཕེབས་རྗེས་སུ་སླེབས་ཡོད། དུས་དེ་ནས་བཟུང་རྒྱ་གཞུང་གིས་ཞི་དྲག་འཇམ་རྩུབ་ཅི་རིགས་ཀྱི་སྒོ་ནས་བོད་མི་རིགས་རྩ་མེད་གཏོང་བའི་ངན་བྱུས་རིམ་ཅན་དུ་སྤེལ་བ་རྣམས་ལ་འགོག་རྒོལ་གདོང་ལེན་བྱ་རྒྱུའི་བོད་མིའི་ཆོད་སེམས་དང་བློ་སྟོབས་ཀྱི་རྨང་གཞི་གཞོམ་གཞིག་བྲལ་བ་ཞིག་ཀྱང་བཏིང་ཡོད།
རྒྱ་ནག་དམར་གཞུང་གིས་བཙན་འཛུལ་བྱས་པ་ནས་བཟུང་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་དུས་མིན་རྐྱེན་འདས་སུ་གྱུར་པ་དང་། དགོན་པ་དྲུག་སྟོང་ལྷག་རྩ་གཏོར། ཤིང་ནགས་གཅོད་འབྲེག་དང་། གཏེར་ཁ་སྔོག་འདོན། སྐམ་གཤེར་དུ་གནས་པའི་སྲོག་ཆགས་གསོད་བཟུང་སོགས་གདུག་རྩུབ་ཅན་གྱི་སྲིད་བྱུས་རིམ་ཅན་དུ་སྤེལ་ཏེ་བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་གཏོར་བཏང་བའི་དོན་དངོས་ཀྱི་བྱུང་བ་དེ་དག་ལས་བསླབ་བྱ་ལེན་མ་ཐུབ་པར། རྒྱ་ནག་དམར་གཞུང་གི་དབང་འཛིན་པ་ཚོས་མུ་མཐུད་ནོར་འཁྲུལ་བསྐྱར་ཟློས་དང་། ཐ་ན་རང་གནོངས་འགེབས་ཆེད་སྡིག་པ་མིག་བཙུམ་གྱི་ལས་ངན་མཚམས་ཚིགས་མེད་པར་རྩོམ་བཞིན་འདུག
དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུའི་ནང་། ཏེང་ཞའོ་ཕིང་གིས་བཅོས་བསྒྱུར་སྒོ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་སྐབས། གནས་སྟངས་ཆེན་པོ་གཉིས་ཏེ། ཐོག་མར་ཤར་ཁུལ་མཚོ་རྒྱུད་ས་ཁུལ་ཕྱི་ཕྱོགས་སུ་སྒོ་མོ་ཕྱེས་ཏེ་ཡར་རྒྱས་གཏོང་རྒྱུར་དབུས་དང་ནུབ་ཁུལ་གྱིས་བསམ་ཞིབ་བྱེད་དགོས་པ་དང་། ལོ་རབས་དགུ་བཅུ་པའི་མཇུག་ཏུ་རྒྱལ་ཡོངས་འབྱོར་འབྲིང་གི་ཆུ་ཚད་དུ་སླེབས་མཚམས། དབུས་དང་ནུབ་ཁུལ་གང་མགྱོགས་ཡར་རྒྱས་གཏོང་བར་ནུས་ཤུགས་མང་ཙམ་འདོན་རྒྱུར་ཤར་ཁུལ་མཚོ་རྒྱུད་ས་ཁུལ་གྱིས་བསམ་ཞིབ་བྱེད་དགོས་ཞེས་བཤད་ཡོད་ནའང་། ༡༩༩༩ ལོའི་ལོ་མཇུག་ཏུ། ནུབ་ཁུལ་གསར་སྤེལ་ཆེན་མོ་ཟེར་བའི་ལས་གཞི་སྤེལ་རྒྱུ་ཐག་གཅོད་བྱས་ཏེ་སྟོང་ལོ་གསར་པ་འགོ་ཚུགས་མ་ཐག་ཏུ་ལག་བསྟར་འགོ་འཛུགས་བྱས་པ་དེའི་ནང་། ནུབ་གློག་ཤར་འདྲེན་དང་། ནུབ་རླངས་ཤར་གཏོང་། མདོ་དབུས་ལྕགས་ལམ། ཞིང་ས་ནགས་བསྒྱུར། འབྲོག་ས་སྤང་བསྒྱུར། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གྲོང་དང་གྲོང་བརྡལ་འཛུགས་སྐྲུན་སོགས་རྣམ་གྲངས་ཆེ་གྲས་རྣམས་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་སྲིད་བྱུས་ཏེ། ས་གནས་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་ཀྱི་ཆེད་དུ་མིན་པར་ནུབ་ཁུལ་གྱི་ཐོན་ཁུངས་སྔོག་འདོན་དང་། རྒྱལ་སྲུང་སྲ་བརྟན་ལ་གཙོ་ཆེར་དམིགས་ཡོད་ལ། ལས་གཞི་དེར་ལོ་ངོ་ལྔ་བཅུའི་དམིགས་ཚད་བཟུང་སྟེ་ལག་བསྟར་བྱེད་བཞིན་པའི་གནས་སྟངས་ལ་བལྟས་ན། བོད་དང་བོད་མིའི་འཚོ་གནས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པའི་རྣམ་གྲངས་མཐོང་དཀོན་པས། ཏེང་ཞའོ་ཕིང་གི་གནས་སྟངས་ཆེན་པོ་གཉིས་ཟེར་བའི་སྐད་ཆ་རྣམས་ཤུལ་མེད་ཆགས་ཏེ། བོད་རྒྱའི་ས་ཁོངས་དབར་དབུལ་ཕྱུག་གི་བར་ཁྱད་ཆེན་པོ་ཆགས་ཟིན་པ་ཙམ་དུ་མ་ཟད། ད་ཆ་བོད་ཡུལ་དང་བོད་མི་རྣམས་ཤར་ཁུལ་གྱི་ཕྱུག་པོ་ཆགས་ཟིན་པའི་རྒྱ་རིགས་འབྱོར་ལྡན་ཚོའི་འཛད་སྤྱོད་དངོས་ཟོག་ཏུ་གྱུར་ཡོད་ལ། ཞི་ཅིང་ཕིང་གིས་དེང་སང་གསུང་བཞིན་པའི་ཐུན་མོང་འབྱོར་ཕྱུག་ཅེས་པ་དེའང་མཐོང་ལམ་དུ་མངོན་རྒྱུར་དུས་ཚོད་ཅི་ཙམ་འགོར་མིན་དང་། ཡོང་རྒྱུ་ཡོད་མེད་སུས་ཀྱང་ཤོད་ཚོད་མི་ཐིག
རྒྱ་ནག་དམར་གཞུང་གིས་དེང་སང་བོད་ས་ཁྱོན་ཡོངས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་འཛུགས་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་རྒྱུ། རྒྱའི་སྐད་ཡིག་ཁྱབ་གདལ་གྱི་དམིགས་ཡུལ་བཟུང་སྟེ་བོད་ཀྱི་གྲོང་གསེབ་ཁག་ཏུ་སྔོན་འགྲོ་སློབ་གྲྭ་འབོར་ཆེན་གསར་འཛུགས་དང་། གཞི་རིམ་འོག་མ་ནས་བཟུང་གཏན་སྡོད་སློབ་གྲྭའི་ནང་བཅུག་སྟེ་རྒྱའི་སྐད་ཡིག་དང་ལྟ་སྤྱོད་སློབ་སྤེལ་བཅས་མི་རིགས་གཅིག་དང་རིག་གཞུང་གཅིག །ཆོས་ལུགས་གཅིག །སྐད་ཡིག་གཅིག་གི་ལས་འགུལ་ཚ་ཚ་འུར་འུར་ངང་སྤེལ་བཞིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་ལས་མཁས་པ་གསུམ་གྱི་སྙན་ཐོ་འདི་ལོ་ཕྱི་ཟླ་ ༢ ཚེས་ ༦ ཉིན་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་རིགས་སློབ་ཕྲུག་ས་ཡ་གཅིག་ཙམ་གཏན་སྡོད་སློབ་གྲྭའི་མ་ལག་ལ་བརྟེན་ནས་རིག་གཞུང་དང་། ཆོས་ལུགས། སྐད་ཡིག་བཅས་རྒྱ་བསྒྱུར་གྱི་སྲིད་བྱུས་སྤེལ་བཞིན་པར་བློ་འཚབ་ཆེ་སྐོར་བཀོད་ཡོད་ཅིང་། ༢༠༢༡ ལོའི་བོད་ལྗོངས་སྡོམ་རྩིས་ལོ་དེབ་ཟེར་བའི་ནང་བཀོད་པ་ལྟར་ན། ཕྱི་ལོ་ ༢༠༠༠ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་སྔོན་འགྲོའི་སློབ་ཕྲུག་ ༤༤༩༡ ལས་མེད་ཀྱང་། ཕྱི་ལོ་ ༢༠༡༠ ལོར་ ༢༣༤༡༤ དང་། ཕྱི་ལོ་ ༢༠༢༠ ལོར་ ༡༥༠༩༣༤ བཅས་རིམ་འཕར་བྱུང་ཡོད་སྐོར་བསྒྲགས་འདུག་ལ། དེ་ནི་རྒྱ་གཞུང་གིས་རྒྱལ་སྤྱིའི་ནང་ཡོངས་ཁྱབ་ཏུ་ལག་བསྟར་བྱེད་པའི་སློབ་གསོའི་ལམ་ལུགས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་ལ་ལྟོས་མེད་བྱས་པ་ཞིག་ཡིན།
དེ་བཞིན་དུ་བོད་རྒྱ་གཉེན་སྒྲིག་བྱེད་མཁན་མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང་ཟེར་བར་སྐུལ་སློང་གཟེངས་བསྟོད་དང་། ལོ་ལྟར་རྒྱ་ནག་ཏུ་འཛུགས་གཉེར་བྱས་པའི་བོད་ལྗོངས་སློབ་འབྲིང་དང་འཛིན་གྲྭ་ཟེར་བར་བོད་ཕྲུག་སྟོང་ཕྲག་དུ་མ་ཆེད་རྫོང་། བོད་རིགས་གཞོན་སྐྱེས་ཕོ་མོ་རྒྱ་ནག་ཏུ་ལས་ཞུགས་བཀོད་སྒྲིག་གི་མིང་ཐོག་ནས་སྡེབ་ཁྲིད་དང་། བོད་ཁུལ་དུ་རྒྱ་རིགས་ལས་བྱེད་དང་ལས་དོན་མི་སྣ་གྲངས་སྤར། དུས་མཚུངས་སུ་ཆུ་མཛོད་དང་ཆུ་བེད་འཛུགས་སྐྲུན་ལ་ཁ་གཡར་ཏེ། ཅོ་ནེ་དང་བ་ཙེ་རྫོང་གཉིས་ཀྱི་ཡུལ་མི་ ༥༥༧༠ རྒྱ་ཡུལ་ཅིའུ་ཆོན་དུ་གཞིས་སྤོ་བྱེད་དུ་བཅུག་པ་དང་། སྐྱེ་ཁམས་ཡུལ་སྤོའི་མིང་ཐོག་ནས་འབྲུག་ཆུ་རྫོང་གི་དུད་ཁྱིམ་ ༢༢༥༧ ལན་ཀྲོའུ་ཤིན་ཆུས་ཟེར་བའི་རྒྱའི་གྲོང་ཁྱེར་དེར་གཞིས་སྤོ་བྱེད་དུ་བཅུག་ཟིན་པའི་ཁར། ད་དུང་གཙོས་གྲོང་ཁྱེར་དང་། ཐེ་པོ། ཅོ་ནེ་རྫོང་སོགས་ཀྱི་ཁོངས་ནས་མུ་མཐུད་གཞིས་སྤོ་བྱེད་གཏན་འཁེལ་འདུག་ཅིང་། རྒྱ་ནག་དབུས་ཆུ་བེད་ལས་ཁུངས་ཀྱི་འཆར་གཞིའི་འོག་རྒྱལ་མོ་རྔུལ་ཆུ་དང་། ཉག་ཆུ། རྫ་ཆུ་འབབ་རྒྱུད་ནས་ཆུ་གློག་ལས་གཞིའི་ཆེད་ཡུལ་མི་ ༡༣༤༡༥ ཡུལ་གཞན་དུ་གཞིས་སྤོས་ཟིན་འདུག་པ་དང་། རྔ་བ་ཁུལ་ནས་ཆུ་གློག་ལས་གཞིའི་ཆེད་ཡུལ་མི་ཆིག་ཁྲི་སུམ་སྟོང་ལྷག་གཞིས་སྤོ་བྱས་ཟིན་པ་མ་ཟད། ད་དུང་སུམ་སྟོང་ལྷག་གཞིས་སྤོ་བྱེད་འཆར་ཡོད་པ་སོགས་ནི་སི་ཏ་ལིན་གྱིས་བརྒྱ་ཕྲག་སྔ་མའི་ལོ་རབས་སུམ་ཅུ་ནས་ལོ་ངོ་བཅུ་ཕྲག་དུ་མའི་རིང་བཙན་ཤེད་ཀྱི་སྒོ་ནས་གྲངས་ཉུང་མི་རིགས་ཀྱི་མི་འབོར་ས་ཡ་དུ་མ་སྤོ་བཤུག་བྱེད་དུ་བཅུག་པའི་སྲིད་བྱུས་དང་གཅིག་མཚུངས་ཆགས་ཡོད་ཅིང་། ཨུ་རུ་སུ་གཞུང་ (Supreme Soviet of USSR) གིས་ཕྱི་ལོ་ ༡༩༨༩ ཟླ་ ༡༡ ཚེས་ ༡༤ ཉིན། གྲངས་ཉུང་མི་རིགས་བཙན་ཐབས་ཀྱིས་ཡུལ་སྤོ་བྱེད་དུ་བཅུག་པ་ནི་ཁྲིམས་འགལ་དང་ནག་ཉེས་ཀྱི་བྱ་སྤྱོད་ཡིན་པའི་ངོས་ལེན་བྱས་ཡོད།
ད་དུང་ནག་ཆུ་དང་། མངའ་རིས། གཞིས་རྩེ་ཁོངས་ཀྱི་རྫོང་ ༢༠ ཙམ་གྱི་འབྲོག་པ་མི་གྲངས་འབུམ་གཅིག་ལྷག་གོང་དཀར་རྫོང་སྲིན་བུ་རིར་གནས་སྤོས་ཀྱིས་བོད་རང་སྐྱོང་ལྗོངས་ཟེར་བའི་གྲོང་ཁྱེར་ཨང་བཞི་པ་འཛུགས་སྐྲུན་གྱི་ལས་གཞི་སྤེལ་བཞིན་པ་དེས་གཞིས་སྤོས་མང་ཚོགས་ལ་ཕུགས་འཕེར་གྱི་འཚོ་རྟེན་ཇི་ཡོང་ཐེ་ཚོམ་དང་། གནས་སྤོས་ཡོང་ཡུལ་གྱི་ས་ཆ་རྣམས་ཀྱི་སྤྱོད་སྒོ་ལའང་བློ་དོགས་ངང་གིས་ཡོང་གི་འདུག
ཁ་བྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོབ་ཟེར་བའི་མིང་ཐོག་ནས། ཞི་དྲག་གི་ཐབས་ལམ་ཡོད་ཚད་བཀོལ་སྤྱོད་བྱས་ཏེ་བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་རིག་གནས་གསར་བརྗེ་ལས་ལྷག་པའི་སྟངས་འཛིན་དང་། དེང་རབས་ཅན་གྱི་ཚན་རིག་ལག་རྩལ་བེད་སྤྱོད་བཏང་སྟེ་བོད་ཁམས་ཀྱི་གྲོང་ཚོ་དང་། སྲང་ལམ། འབྲོག་མཚེར། རྩྭ་ཐང་། རི་ཆུ་དང་བཅས་པ་དྲ་མིག་ཅན་གྱི་བྱེད་ཐབས་སྤྱད་དེ་ལྟ་བཤེར་དོ་དམ་བྱེད་བཞིན་པའི་ཐོག །བོད་རང་སྐྱོང་ལྗོངས་དྲ་རྒྱའི་གནས་ཚུལ་བདེ་འཇགས་དོ་དམ་སྲོལ་ཡིག་ཟེར་བ་ཞིག་ཕྱི་ཟླ་ ༢ པའི་ཚེས་ཤར་ནས་ལག་བསྟར་འགོ་འཛུགས་བྱས་འདུག་པ་དེའི་ནང་། རྫོང་རིམ་པ་ཡན་གྱི་གཞུང་གི་ལས་ཁུངས་དང་། གཞི་རིམ་སྒྲིག་འཛུགས། སྤྱི་ཚོགས་སྡེ་ཁག་ཡོངས་ནས་དྲ་རྒྱའི་གནས་ཚུལ་སྟངས་འཛིན་དོ་དམ་བྱ་རྒྱུར་འགན་བསྐུར་དང་། ཐ་ན་ཁ་བྲལ་སྟོབས་ཤུགས་ཀྱི་མི་སྣ་ཡོད་པའི་སྤྱི་ཚོགས་དྲ་རྒྱའི་ཚོགས་པ་བཙུགས་པ་དང་། དྲ་ཚོགས་སུ་ཞུགས་པ་ཙམ་ཡང་ཁྲིམས་འགལ་དུ་བརྩིས་ཏེ་ཆད་འགེལ་བྱ་རྒྱུའི་གཏན་འབེབས་བྱས་འདུག་ལ། རྒྱ་ནག་དམར་གཞུང་གིས་ད་དུང་འགྲོ་སོང་ཕངས་མེད་བཏང་སྟེ་སློབ་ཕྲུག་དང་། ཞིང་འབྲོག་མང་ཚོགས། ཐ་ན་དགོན་སྡེ་ཁག་ཏུའང་དམར་པོའི་ལྟ་སྤྱོད་སློབ་སྤེལ་བཙན་འགེལ་བྱེད་པ་དེ་རིགས་སྔར་ལྷག་སྤེལ་བཞིན་པ་དང་། སྤྱི་ཚོགས་བཅོས་སྐྱོང་དང་། བརྟན་ལྷིང་ལ་བསྙད་དེ་བོད་མིའི་གདོང་རིས་དང་། མིག་གི་འཇའ་སྐྱི། རིགས་རྫས་ (DNA) སོགས་ཀྱི་གནས་ཚུལ་གཞི་ཁྱོན་ཆེན་པོའི་སྒོ་ནས་བསྡུ་ལེན་བྱེད་བཞིན་འདུག
སྔ་ལོ་ཕྱི་ཟླ་ ༣ པའི་ནང་། དགུང་ལོ་ ༨༡ ཅན་གྱི་བཀྲ་ཕུན་ལགས་ནས་རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་ཆེད་ཀིརྟི་དགོན་པའི་ཉེ་འགྲམ་གྱི་ཉེན་རྟོག་ལས་ཁུངས་ཀྱི་སྒོ་འགྲམ་དུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་གྱུར་ཡོད་ལ། ཁོང་ནི་ཕྱི་ལོ་ ༢༠༠༩ ནས་ད་བར་ཤེས་རྟོགས་ར་འཕྲོད་བྱུང་བའི་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ ༡༥༧ པ་དེ་ཆགས་ཡོད་ཅིང་། བཀའ་ཤག་གིས་བོད་མི་ཚོས་ཚེ་སྲོག་ལ་གཅེས་སྤྲས་ཀྱི་སྒོ་ནས་མི་ཚེའི་ནུས་རྩལ་ཡོངས་རྫོགས་བོད་བསྟན་སྲིད་མི་རིགས་ལ་སྲི་ཞུ་ཞབས་འདེགས་ཐད་ལེགས་སྐྱེས་འབུལ་ཐུབ་པའི་འབོད་སྐུལ་བསྐྱར་ནན་དུ་ཞུ་བཞིན་ཡོད།
ས་བྱི་ཞི་རྒོལ་ཆེན་མོའི་སྐབས་འཇུ་བཟུང་བྱས་པའི་ཆབ་སྲིད་བཙོན་ཟུར་འཇིགས་མེད་རྒྱ་མཚོ་ལགས་སྔ་ལོ་ཕྱི་ཟླ་ ༧ ནང་ཚེའི་འཕེན་པ་རྫོགས་ཡོད་ཅིང་། ཕྱི་ལོ་ ༢༠༡༢ ལོར་ཁྲིམས་ཆད་ཕོག་པའི་ཆབ་སྲིད་བཙོན་ཟུར་དགེ་བཤེས་བསྟན་འཛིན་དཔལ་བཟང་ཕྱི་ཟླ་ ༩ ནང་ཚེའི་འཕེན་པ་རྫོགས་ཡོད་ལ། བཙོན་གྲོལ་ཐོབ་པའི་ཆབ་སྲིད་བཙོན་ཟུར་ཚོའི་གཟུགས་བབ་གནས་སྟངས་སྐྱོ་པོ་དང་། དམ་དྲག་ནན་པོ་བྱེད་བཞིན་པ་དང་། བོད་ཀྱི་རྩོམ་པ་པོ་དང་ཤེས་ཡོན་པ། སྐད་ཡིག་ལས་འགུལ་བ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ། ཁོར་ཡུག་སྲུང་སྐྱོབ་པ། སྒོ་ཕྱུགས་སྲོག་གཅོད་སྤོང་རྒྱུར་སྐུལ་སློང་བྱེད་མཁན་གར་སོང་ཆ་མེད་ཆགས་པ་དང་། དྲང་བདེན་གྱི་ཁྲིམས་བཤེར་མ་བརྒྱུད་པར་བཙོན་འཇུག་ཁྲིམས་ཆད་ཕོག་པའི་གནས་ཚུལ་རྒྱུན་མཐུད་ཐོན་ཡོད་པ་མ་ཟད། རྒས་གསོ་ཁང་ལ་ཟ་འབྲུ་བསྐྱལ་བར་བསྙད་དེ་ཉེན་རྟོག་པས་གཅར་རྡུང་གིས་བསད་པ་དང་། བསང་གསོལ་དང་ལབ་རྩེ་བསྟད་པ། ཞབས་རིམ་བསྒྲུབས་པ་ཙམ་ལ་ཉེན་རྟོག་པས་གཅར་རྡུང་གིས་དམར་གསོད་དང་། འཛིན་བཟུང་བཀག་བསྐྱིལ་བྱས་འདུག་ལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཉར་མཁན་བོད་མི་འཛིན་བཟུང་བྱས་པའི་གནས་ཚུལ་ཡང་མུ་མཐུད་ཐོན་འདུག
ཀུན་གཟིགས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་གིས་མཚོན་ཆབ་སྲིད་བཙོན་པ་རྣམས་ལ་གང་མགྱོགས་རང་དབང་འཐོབ་རྒྱུར་དྲང་བདེན་ལ་དགའ་ཞེན་ཡོད་མཁན་གཞུང་སྒེར་ཚང་མས་རྒྱབ་སྐྱོར་ཡོང་བ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་རྒྱུན་མཐུད་འབད་པ་གང་ཡོང་བསྟེན་རྒྱུ་ཡིན་པར། གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་ནས་ཀྱང་མུ་མཐུད་ནུས་པ་མཉམ་སྤུངས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་དང་ཆབས་ཅིག །དེའི་ཐོག་འགན་ཁུར་ལེན་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
རྒྱ་གཞུང་གིས་ཏོག་དབྱིབས་ནད་ཡམས་ཀླད་ཀོར་གྱི་སྲིད་བྱུས་ལག་བསྟར་སྐབས། སྔ་ལོར་ལྷ་སར་ཉིན་གྲངས་བརྒྱ་ལྷག་རིང་སྒོ་རྒྱ་བསྡམས་ནས་མང་ཚོགས་ཀྱི་རྒྱུན་ལྡན་འཚོ་བར་དཀའ་ངལ་ཚད་མེད་འཕྲད་དེ་རང་སྲོག་གཅོད་མཁན་བྱུང་ཡོད་ལ། སྐབས་དེར་ཏོག་ནད་སྐོར་གྱི་བརྙན་པར་བཀྲམ་པ་དང་། གནས་ཚུལ་སྤེལ་མཁན་ཁག་ཅིག་འཇུ་བཟུང་གིས་གར་སོང་ཆ་མེད་ཆགས་ཤིང་། ཕྱི་ཟླ་ ༡༢ པའི་ནང་གློ་བུར་སྒོ་རྒྱ་གློད་རྗེས། བོད་ཁུལ་ཁྱོན་ཡོངས་སུ་སྨན་བཅོས་མཐུན་རྐྱེན་མ་རག་པར་འཆི་འདས་ཕོན་ཆེ་བྱུང་བ་དུར་ཁྲོད་ཁག་ཏུ་ཉིན་ལྟར་བེམ་པོ་འབོར་ཆེན་བསྐྱལ་འབྱོར་གྱི་གནས་ཚུལ་ཕྱིར་གྱར་བྱུང་བ་ལས་ཀྱང་ཤེས་རྟོགས་ཐུབ་པ་སེམས་འཚབ་སྐྱེ་གཞི་ཞིག་ཆགས་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱིས་ལས་ཁུངས་ཁག་དང་། མང་ཚོགས་ལ་དེའི་ཆེད་གཟའ་འཁོར་འཆར་ཅན་དུས་ཚོད་ཟུར་བཅད་ཀྱིས་སྨོན་ལམ་གསུང་འདོན་གྱི་དགེ་སྐུལ་བྱས་ཡོད་པ་ལྟར་ནད་ཡམས་ཞི་འཇམ་ལ་ཕན་ཐོགས་ངེས་ཅན་བྱུང་ཡོད་སྙམ།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས་སུ། མི་རིགས་རང་སྐྱོང་ས་གནས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ཚོགས་གཙོའམ་ཚོགས་གཞོན། ཞིབ་དཔྱོད་ཁང་དང་། ཁྲིམས་ཁང་གི་འགོ་ཁྲིད་གཙོ་བོའམ་གཞོན་པ་རྣམས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་མི་རིགས་དེའི་སྤྱི་དམངས་ཡིན་དགོས་པ་དང་། རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་དང་། ཁུལ་གཙོ། རྫོང་དཔོན་བཅས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པའི་མི་རིགས་དེའི་སྤྱི་དམངས་ཡིན་དགོས་པའི་གཏན་འབེབས་བྱས་ཡོད་ནའང་། བོད་རང་སྐྱོང་ལྗོངས་ཟེར་བའི་རྫོང་དང་ས་ཁུལ། ལྗོངས་བཅས་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་ནང་། བོད་རིགས་བརྒྱ་ཆ་ ༤༣ ཙམ་ལས་མེད་པ་དང་། རིམ་པ་སོ་སོའི་ཆབ་སྲིད་གྲོས་མོལ་ཚོགས་འདུ་ལྟ་བུ་གོ་མིང་ཙམ་ལས་དབང་ཆ་མེད་པའི་ལས་ཁུངས་ཁག་གི་བོད་རིགས་འགོ་ཁྲིད་པའི་གྲངས་འབོར་བརྒྱ་ཆ་ ༨༠ ཙམ་ཟིན་པ་དེ་དག་མ་རྩིས་པ་ཡིན་ན། བོད་རིགས་འགོ་ཁྲིད་ལས་བྱེད་པའི་བསྡུར་ཚད་དེ་ལས་ཀྱང་དམའ་བ་ཡོད་ངེས་ཡིན་ཞིང་། བོད་རང་སྐྱོང་ལྗོངས་ཟེར་བའི་སྤྱི་ཡོངས་འགོ་ཁྲིད་ལས་བྱེད་པའི་ཁྲོད་རྒྱ་ནག་ནས་ཐད་ཀར་མངགས་རྫོང་བྱས་པའི་བོད་སྐྱོར་ལས་བྱེད་ཟེར་བའི་གྲངས་འབོར་བརྒྱ་ཆ་ ༡༠ ཙམ་ཟིན་ཡོད་པ་དེས། རྒྱ་གཞུང་གིས་བོད་མི་ཚོར་རང་སྐྱོང་གི་དབང་ཚད་ག་ཚོད་སྤྲོད་ཀྱི་ཡོད་མེད་ལམ་ཙམ་རྟོགས་ཐུབ་ལ། དེ་མཚུངས་སུ་སྔ་ལོ་གཅིག་པུར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བོད་རིགས་ལས་བྱེད་གྲངས་ ༡༣༩ ཙམ་ལ་སྒྲིག་འགལ་དང་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་བཏགས་ཏེ་ཞིབ་བཤེར་དང་། གནས་དབྱུང་བཏང་སྐོར་ཕྱིར་བསྒྲགས་བྱས་འདུག་པ་དེ་དག་བོད་མི་འཇོན་རྩལ་ཅན་འབུར་འཇོམས་ཀྱི་ལམ་སྲོལ་རྒྱུན་འབྱམས་སུ་ཡོད་པའི་ངན་ཇུས་ཡིན་མིན་ལ་བློ་དོགས་བྱེད་མཁན་ཡང་འདུག་ལ། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཟེར་བའི་འདས་ལོའི་ལས་བསྡོམས་སུ་བཀོད་པ་ལྟར་ན། ཁྲིམས་བཤེར་དུས་བཀག་ལ་ལྟོས་མེད་ཀྱི་སྒོ་ནས་གྱོད་གཞི་ཁག་ཅིག་དུས་ཚོད་ཕྱིར་བཤིག་གིས་ ༡༩༩༠ ནས་བརྩད་ཞིབ་བྱས་འདུག
མི་མང་གིས་སྲིད་གཞུང་གི་དབང་བསྒྱུར་དང་ལེན་བྱེད་པའི་གཞི་རིམ་གྱི་ཆ་རྐྱེན་ནི། སྲིད་གཞུང་གིས་མི་མང་གི་བདེ་སྡུག་ལ་ལྟ་སྐྱོང་དང་། འདོད་འདུན་ལ་བརྩི་འཇོག་བྱེད་དགོས་ཀྱི་ཡོད་པ་དེ་ཡིན་ཞིང་། སྲིད་གཞུང་ཞིག་གིས་མི་རིགས་ཤིག་རྩ་མེད་གཏོང་བའི་སྲིད་བྱུས་མངོན་སུམ་འཛེམས་མེད་དུ་སྒྲོག་བཞིན་ལག་བསྟར་བྱས་ཚེ། མི་རིགས་དེར་རང་ཉིད་སྲུང་སྐྱོབ་ཆེད་སྲིད་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་དང་། ཐ་ན་སྲིད་གཞུང་དེ་ཉིད་ངོས་ལེན་མི་བྱེད་པའི་ཐོབ་ཐང་ཡོད་པ་ཆོས་ཉིད་ཡིན།
བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་རྒྱ་ནག་གཞུང་ལ་བོད་ཀྱི་མ་འོངས་གནས་བབས་སྐོར་གོ་བསྡུར་སྦྱངས་བཤད་བརྒྱུད་གཉིས་མོས་ཀྱི་ཐབས་ལམ་ཞིག་རྙེད་པའི་རེ་བ་འཆང་བཞིན་པ་དང་། དེ་ཡང་ཕན་ཚུན་འདྲ་མཉམ་དང༌། བརྩི་མཐོང་མཛའ་མཐུན། བོད་རྒྱ་གཉིས་ཕན། རྒྱུན་གནས་ཐུབ་པ་བཅས་ཀྱི་ཐབས་ལམ་བརྒྱུད་གོ་བསྡུར་སྦྱངས་བཤད་བྱ་རྒྱུར་གྲ་སྒྲིག་ཨང་བསར་ཡོད་ལ། ལྷག་པར་དུ་བོད་མི་རིགས་རྩ་མེད་གཏོང་བའི་རྒྱ་ནག་དམར་གཞུང་གི་ནོར་འཁྲུལ་སྲིད་བྱུས་འཕྲལ་དུ་མཚམས་འཇོག་དང་ཡོ་བསྲང་ཡོང་བའི་སྐུལ་འདེབས་བྱེད་ཀྱི་ཡོད།
ཟླ་བ་སྔོན་མའི་ནང་། ཨ་རིའི་གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་ཕྱི་འབྲེལ་ཚོགས་ཆུང་གི་ཚོགས་གཙོ་མའེ་ཁེལ་མེཀ་ཀཽལ་ (Michael McCaul) ལགས་དང་། མང་གཙོ་ཚོགས་པའི་འཐུས་མི་ཇིམ་མེཀ་གོ་ཝེན་ (Jim McGovern) ལགས། གྲོས་ཚོགས་གོང་མའི་མང་གཙོ་ཚོགས་པའི་འཐུས་མི་ཇེཕ་མེརཀ་ལེ་ (Jeff Merkley) ལགས་དང་། སྤྱི་མཐུན་ཚོགས་པའི་འཐུས་མི་ཊོཌ་ཡངྒ་ (Todd Young) ལགས་བཅས་ནས་གྲོས་ཚོགས་གོང་འོག་སོ་སོར་སྲིད་དོན་ཚོགས་པ་ཐུན་མོང་ཐོག་བོད་རྒྱའི་རྩོད་རྙོག་ཞི་འགྲིག་ལ་སྐུལ་འདེད་ཀྱི་ཁྲིམས་འཆར་ཞིག་བསྐྱར་འདོན་གནང་བ་དང་། སྔ་ལོ་ཕྱི་ཟླ་ ༡༢ པའི་ཚེས་ ༡༤ ཉིན། ཁེ་ན་ཌ་གྲོས་ཚོགས་སུ་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་། བོད་རྒྱ་འབྲེལ་མོལ་བསྐྱར་གསོ་ལ་སྐུལ་འདེད་ཀྱི་གྲོས་ཆོད་འཇོག་ཐུབ་ཡོད་པ་བཅས་ནི་སེམས་ཤུགས་འཕེལ་གཞི་ཞིག་ཡིན་ཞིང་། བོད་ཀྱི་ལོ་རྒྱུས་གནས་བབས་དང་། ཛ་དྲག་གནས་སྟངས་ལ་དངོས་ཡོད་དང་མཐུན་པའི་ངོས་འཛིན་གནང་སྟེ་ཞི་འགྲིག་ལ་མངོན་དུ་ཕྱོགས་པའི་ཁྲིམས་འཆར་དང་། གྲོས་ཆོད་འདི་དག་གིས་བོད་རྒྱ་གཉིས་སྨན་གྱི་དབུ་མའི་ལམ་ལ་གདེང་འཇོག་དང་། བོད་དོན་བདེན་མཐའ་གསལ་བར་དོན་ཕན་ལྡན་པའི་སྐུལ་འདེད་ཀྱི་ནུས་པ་ཐོན་རྒྱུར་གདོན་མི་ཟ།
འགྲོ་བ་མི་རྣམས་གཅིག་གྱུར་གྱི་འདུ་ཤེས་བཟུང་སྟེ། བྱམས་བརྩེ་དང་། སྙིང་རྗེ། གཞན་ཕན་གྱི་བསམ་བློ་རྒྱུད་ལ་འཇགས་ཐབས་བྱེད་དགོས་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བསླབ་བྱ་འདི་ང་ཚོ་མི་རེ་ངོ་རེས་ཉམས་ལེན་བྱེད་ཐུབ་པ་ཡིན་ན། གཡུལ་ཟིང་གི་དཀའ་ཉེན་འོག་ཏུ་ཚུད་པའི་འཛམ་གླིང་འདིའི་འཁོན་རྩོད་ཞི་འཇགས་དང་། འབྱུང་འཁྲུག་དང་། ནད་ཡམས། མུ་གེའི་དཀའ་ངལ་རྣམས་སེལ་ཐུབ་པ་གོར་མ་ཆག
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས་ཡིན་པ་ཙམ་དུ་མ་ཟད། འགྲོ་བ་མིའི་བཟང་སྤྱོད་གོང་སྤེལ་དང་། ཆོས་ལུགས་མཐུན་འབྲེལ། བོད་ཀྱི་ཆོས་རིག་འཛིན་སྐྱོང་། རྒྱ་གར་གྱི་གནའ་བོའི་དཔལ་ཡོན་བསྐྱར་གསོ་བཅས་མཛད་ཁུར་བཞི་བདག་གིར་བཞེས་མཁན་འཇིག་རྟེན་འདིར་སྤྱི་ཡོངས་ཀྱིས་བཀུར་བའི་དབུ་ཁྲིད་འགྲན་ཟླ་བྲལ་བ་ཞིག་ཡིན་པས། རྒྱ་གཞུང་གིས་མགོན་པོ་མཆོག་ལ་ཁ་བྲལ་རིང་ལུགས་པ་སོགས་དཀར་ནག་ཕྱིན་ཅི་ལོག་པའི་བསྙོན་འཛུགས་དང་། མགོན་པོ་གང་གི་འཇིག་རྟེན་སྤྱི་སྨན་གྱི་མཛད་འཕྲིན་ལ་བར་དུ་གཅོད་པའི་གཏམ་སྤྱོད་སྤེལ་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་དང་། ལྷག་པར་དུ་རྒྱ་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རིགས་དབར་གྱི་ལོ་རྒྱུས་དང་། ད་ཡོད་གནས་སྟངས་ངོ་མར་དྲང་ཕྱོགས་ཀྱི་ངོས་འཛིན་གསལ་པོ་བྱེད་མ་ཐུབ་ཚེ། བོད་རྒྱའི་དཀའ་རྙོག་སེལ་བའི་དོན་དམ་གྱི་ལྡེ་མིག་བརླགས་ཉེན་ཡོད།
བཙན་བྱོལ་བོད་མི་རྣམས་ལ་ཕ་ཡུལ་གཉིས་པ་ལྟ་བུའི་མཐུན་རྐྱེན་དང་། རོགས་མགོན་རྒྱུན་མཐུད་གནང་མཁན་རྒྱ་གར་གཞུང་མང་གཉིས་དང་། ཨ་རི་གཙོས་པའི་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་ཁག་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ པའི་རྗེས་སུ་གསར་འཛུགས་བྱུང་བའི་མེཀ་སི་ཀོ་དང་། སི་པེན་གཉིས་ཚུད་པའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག །བོད་དོན་རྒྱབ་སྐྱོར་ཚོགས་པ་དང་སྒེར་བ། བོད་རིགས་ཚོགས་པའམ་བོད་རིགས་སྤྱི་མཐུན་ཚོགས་པ། བོད་དོན་དང་བླངས་ཞུ་གཏུག་ལས་འགུལ་བ། གཞུང་ཁོངས་མ་ཡིན་པའི་ཚོགས་སྡེ་ཁག །རང་འགུལ་གྱི་སྒོ་ནས་བོད་དོན་ལས་འགུལ་སྤེལ་མཁན་རྣམ་པ་བཅས་ལ་གོ་སྐབས་འདི་བརྒྱུད་སྙིང་དབུས་ནས་བཀའ་དྲིན་རྗེས་དྲན་དང་། ལེགས་སོའི་བསྔགས་བརྗོད་ཞུ་གི་ཡོད།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བརྟན་ཅིང་། ཐུགས་བཞེད་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བ། ཞི་བདེའི་སྣང་བ་ས་ཆེན་ཀུན་ཏུ་ཁྱབ་པའི་སྨོན་འདུན་བཅས། བཀའ་ཤག་གིས་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༠ ལ། །