སྔོན་གླེང་།
༄༅། །བོད་གངས་ཅན་ལྗོངས་ནི་ལོ་རྒྱུས་ཀྱི་དུས་ཡུན་རིང་མོར་རང་དབང་རང་བཙན་དུ་གནས་པའི་རྒྱལ་ཁབ་ཅིག་ཡིན་ནའང་། རྒྱ་དམར་དྲག་པོའི་གཞུང་གིས་བཙན་འཛུལ་གྱིས་བོད་ཡུལ་ཡོངས་རྫོགས་ཧམ་བཟུང་བྱས་ཏེ། སྔ་རྗེས་སུ་བོད་མི་འབུམ་ཕྲག་བཅུ་གཉིས་ལྷག་དུས་མིན་རྐྱེན་འདས་སུ་བཏང་བ་དང་། དགོན་སྡེ་གྲངས་ ༦༠༠༠ ལྷག་གཏོར་བཅོམ། གཏེར་ཁ་སྔོག་འདོན་དང་། ནགས་ཚལ་གཅོད་འབྲེག གཙང་ཆུ་བཀག་སྐྱིལ་དང་ཁ་བསྒྱུར་སོགས་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚད་ལས་བརྒལ་བ་བཏང་ཡོད་པ་མ་ཟད། ད་ལྟའི་ཆར་ཡང་བོད་མི་དམར་གསོད་དང་། འཛིན་བཟུང་བཀག་ཉར། བཙོན་འཇུག་གཅར་རྡུང་། འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་བཙན་འཕྲོག སྐད་ཡིག་རྩ་གཏོར་དང་འགྲོ་འོང་བཀག་སྡོམ། སྨྲ་བརྗོད་དང་གསར་འགོད་ཀྱི་རང་དབང་སོགས་ཡོངས་སུ་འཕྲོགས་ཏེ། རྒྱལ་སྤྱིའི་འགྲོ་བ་མིའི་ཁྲིམས་ལུགས་དང་ཡོངས་སུ་འགལ་བའི་སྲིད་བྱུས་ལག་བསྟར་མུ་མཐུད་བྱེད་མུས་སུ་གྱུར་ཡོད།
ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༡༢ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས། འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་བརྒྱ་ལྷག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞིབ་འཇུག་གི་སྙན་ཐོ་སྤེལ་བའི་ནང་། བོད་ནང་རྒྱ་གཞུང་གི་དཔོན་རིགས་ཚོས་ཆོས་དད་རང་དབང་དང་སྨྲ་བརྗོད་རང་དབང་། འགྲོ་སྐྱོད་རང་དབང་། འདུ་འཛོམས་རང་དབང་སོགས་ལ་བཀག་སྡོམ་ནན་པོ་མུ་མཐུད་བྱེད་བཞིན་ཡོད་པ་དང་། བོད་ནང་རྒྱ་མི་ཕོན་ཆེ་གནས་སྤོ་བྱེད་དུ་བཅུག་པ་དང་ཁོར་ཡུག་གཏོར་སྐྱོན། གཞི་རིམ་སློབ་གྲྭའི་ནང་བོད་ཀྱི་སྐད་ཡིག་མེད་པ་བཟོ་བཞིན་པ་སོགས་ཀྱི་གནས་ཚུལ་འཁོད་འདུག་པ་བཞིན། ད་ལྟའི་ཆར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་ལ་མོས་མཐུན་མིང་རྟགས་འགོད་མཁན་གྱི་རྒྱལ་ཁབ་ཇི་སྙེད་ཅིག་ཡོད་ནའང་། རྒྱ་ནག་ནང་བོད་མིས་གཙོས་གྲངས་ཉུང་མི་རིགས་རྣམས་ལ་གཉའ་གནོན་སྡུག་སྦྱོང་གཏོང་བའི་གནས་ཚུལ་རྒྱུན་ཆད་མེད་པར་ཡོང་བཞིན་ཡོད།
ད་ལྟའི་ཆར་རྒྱ་གཞུང་གིས་བོད་ནང་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་ཡར་རྒྱས་བྱུང་ཡོད་ཚུལ་སྒྲོག་བཞིན་ཡོད་ཀྱང་། དོན་དངོས་སུ་བོད་ས་སྟོད་སྨད་བར་གསུམ་དུ་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པ་དང་། རྒྱ་མི་རིགས་ཀྱི་འདུ་ཤེས་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ཟེར་བར་བསྒྱུར་རྒྱུ། རྒྱ་སྐད་ཁྱབ་སྤེལ་གྱི་དམིགས་ཡུལ་འོག་བོད་ཕྲུག་རྣམས་གཏན་འཇགས་སློབ་གྲྭར་སྡེབ་བཅུག་གིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བཀག་སྡོམ་བཅས་བྱས་པ་བརྒྱུད། མི་རིགས་གཅིག་དང་། རིག་གནས་གཅིག ཆོས་ལུགས་གཅིག སྐད་ཡིག་གཅིག་གི་སྲིད་བྱུས་མངོན་གསལ་གྱི་ཐོག་ནས་བོད་མིར་བཙན་འགེལ་གྱིས་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། བོད་ཡུལ་ཀུན་ཏུ་ལྟ་སྲུང་བརྙན་མིག་བཙུགས་ནས་འགུལ་བསྐྱོད་ཡོངས་རྫོགས་ལ་དམ་དྲག་དང་། བོད་མིའི་རིགས་རྫས་(DNA)བསྡུ་ལེན་གྱི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་བཞིན་ཡོད།
རྒྱ་གཞུང་གི་འདྲ་མཉམ་དང་དྲང་བདེན་མིན་པའི་སྲིད་བྱུས་ཁག་ལ་གཞིས་བཞུགས་བོད་མི་རྣམས་ཀྱིས་སྙིང་སྟོབས་དང་བློས་གཏོང་ཆེན་པོས་མི་ལོ་དྲུག་ཅུ་ལྷག་རིང་ཞི་བའི་ངོ་རྒོལ་མཚམས་མ་ཆད་པ་གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་ནང་བོད་ཀྱི་རྩ་དོན་ཆེད་རང་ལུས་ཞུགས་འབུལ་གྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་མཁན་གྲངས་ ༡༥༧ བྱུང་ཡོད། ཉེས་མེད་འཛིན་བཟུང་གིས་མནར་གཅོད་བཏང་བས་རྐྱེན་འདས་སུ་གྱུར་པ་ཇི་སྙེད་ཅིག་བྱུང་ཞིང་། ཉེ་ཆར་ཏོག་དབྱིབས་གཉན་རིམས་ཀླད་ཀོར་གྱི་སྲིད་བྱུས་ཟེར་བ་གཅིག་པུར་ཁ་གཡར་བའི་དམ་དྲག་སྐབས། བོད་ནང་དུ་བོད་མི་ཁྱོན་བསྡོམས་ ༧༠༠ ལྷག་ལ་རྒྱ་གཞུང་གིས་རིམས་ནད་སྐོར་དཀྲོག་གཏམ་སྤེལ་བར་ཉེས་འཛུགས་ཀྱིས་ཁྲིམས་ཆད་བཏང་བའི་སྐོར། ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༣ ཉིན་ (Spotlight on china) ཞེས་པའི་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་འདུག་པ་དང་། བརྒྱུད་ལམ་གཞན་དུ་དེ་ལས་མང་བ་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད། དམ་དྲག་ལ་མ་བཟོད་པར་རང་ཤི་རྒྱག་མཁན་མང་པོ་བྱུང་ཞིང་། དམ་དྲག་ལ་མ་ལྟོས་པར་དྲ་ལམ་དུ་དངོས་ཡོད་གནས་ཚུལ་ཁ་གསལ་གྱིས་བརྗོད་གནང་མཁན་ཡང་ཇི་སྙེད་ཅིག་བྱུང་ཡོད།
བོད་དོན་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་རྒྱ་གཞུང་གིས་བཙོན་ཁང་དུ་མནར་གཅོད་མྱངས་ནས་འདས་པའི་ཟླ་དྲུག་རིང་སྐུ་གཤེགས་པ་དང་། ཟླ་དྲུག་སྔོན་བྱུང་བའི་གནས་ཚུལ་གསར་དུ་ཤེས་རྟོགས་བྱུང་བ་ནི། ཕྱི་ལོ་ ༢༠༢༢ ཟླ་ ༨ ཚེས་ ༢༤ ཉིན་དཀར་མཛེས་ཁུལ་གསེར་རྟ་རྫོང་ཟེར་བའི་ཁེས་སྐོར་ཡུལ་ཚོའི་ཕྱུག་དར་དང་། དགེ་ལོ། ཚེ་རྡོ། འབའ་མོ། ཀོ་རིས་བཅས་བསང་གསོལ་དང་ལབ་རྩེ་བསྟད། ཞབས་རིམ་བསྒྲུབས་པ་སོགས་ཀྱི་ཉེས་མིང་འོག་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་ཀྱིས་གསེར་རྟ་རྫོང་ཟེར་བའི་བཙོན་ཁང་དུ་བོད་མི་ཕྱུག་དར་ལ་རྒྱ་གཞུང་གི་ཉེན་རྟོག་པས་རྡུང་རྡེག་ཚད་ལས་བརྒལ་བ་བཏང་སྟེ་དམར་གསོད་བཏང་། ཕྱི་ལོ་ ༢༠༢༢ ཟླ་ ༩ ཚེས་ ༢༧ ཉིན་དཀར་མཛེས་ཁུལ་བརྒྱད་ཟུར་ནས་དངོས་གྲུབ་ཚེ་རིང་གིས་ས་གནས་ཀྱི་རྒན་གསོ་ཁང་དུ་ཟ་འབྲུ་སོགས་བསྐྱལ་བའི་ཉེས་མིང་འོག རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་གིས་གཅར་རྡུང་ཚད་མེད་བཏང་བས། ཕྱི་ཚེས་ ༢༨ ཉིན་ཉེན་རྟོག་ཁང་དུ་རྐྱེན་འདས་སུ་གྱུར། ཁམས་བྲག་མགོ་དགོན་པའི་ཕྱག་མཛོད་ཆབ་སྲིད་བཙོན་ཟུར་དགེ་བཤེས་བསྟན་དགའ་རྒྱ་གཞུང་གིས་ལོ་དྲུག་ཙམ་བཙོན་འཇུག་སྐབས་མནར་གཅོད་ཚད་མེད་བཏང་བས། ཕྱི་ལོ་ ༢༠༢༢ ཟླ་ ༡༡ པའི་ཚེས་ ༡ ཉིན་སྐུ་གཤེགས། དཀར་མཛེས་དར་རྒྱས་དགོན་པའི་ཆབ་སྲིད་བཙོན་ཟུར་བླ་མ་བློ་བཟང་ངམ་རྒན་ཨ་རྒྱམ་ཚེ་རིང་རྒྱ་གཞུང་གི་བཙོན་འོག་ཏུ་མནར་གཅོད་གང་མང་མྱངས་པས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༨ ཉིན་སྐུ་གཤེགས། ཁམས་ལི་ཐང་གི་དགེ་བཤེས་ཕན་བདེ་རྒྱལ་མཚན་ཕྱི་ལོ་ ༢༠༢༢ ཟླ་ ༣ པའི་ནང་རྒྱ་གཞུང་གིས་འཛིན་བཟུང་བཙོན་འཇུག་གིས་མནར་གཅོད་ཚབས་ཆེན་བཏང་བས་སྨན་བཅོས་བྱས་ཀྱང་མ་ཕན་པར། ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢༦ ཉིན་སྐུ་གཤེགས།
དུས་བཀག་ཁྲིམས་ཐག་བཅད་པ། ཕྱི་ལོ་ ༢༠༢༢ ཟླ་ ༩ པའི་ནང་དཀར་མཛེས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། གསེར་རྟ་ནས་ཡིན་པ་ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལ་སླར་ཡང་ལོ་ ༡༤ དང་། སྲས་རྣམ་ལ་ལོ་ ༦ གངས་བུ་གཡུ་བྷྲུཾ་ལ་ལོ་ ༧ གངས་ཚེ་རིང་སྒྲོལ་མར་ལོ་ ༨ པདྨ་རིན་ཆེན་ལ་ལོ་ ༤ བསམ་འགྲུབ་ལ་ལོ་ ༨ བཅས་ཀྱི་ཁྲིམས་ཐག་བཅད། མདོ་སྨད་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཟེར་བའི་ཁོངས་ཟངས་དཀར་སྟོད་མ་ནས་ཡིན་པའི་རྩོམ་པ་པོ་དང་། སྐད་སྒྱུར་བ་ཟངས་དཀར་འཇམ་དབྱངས་ཕྱི་ལོ་ ༢༠༢༠ ཟླ ༦ ཚེས ༤ ཉིན་རྒྱ་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་པར་ཉེ་ལམ་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་བར་བསྙད་དེ་ལོ་ ༤ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཕྱི་ལོ་ ༢༠༢༢ ཟླ་ ༡༠ པའི་ཚེས་ཤར་ཙམ་ལ་རྔ་པ་ཀིརྟི་དགོན་གྱི་དགེ་འདུན་པ་བློ་བཟང་ཆོས་འཕེལ་ལ་ལོ་ ༢ དང་ཟླ་ ༦ གི་ཁྲིམས་ཐག་བཅད་པ་དང་། ༸གོང་ས་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེར་སྐྱབས་བསྔོ་ཞུ་ཆེད་ཕྱི་རྒྱལ་ལ་དངུལ་བསྐུར་བའི་ཉེས་མིང་འོག ཕྱི་ལོ་ ༢༠༢༢ ཟླ་ ༧ པའི་ནང་རྔ་པ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོར་ལོ་ ༢ དང་། རཱ་ཆུང་དགེ་འདུན་ལ་ལོ་ ༣ གྱི་ཁྲིམས་ཐག་བཅད། དཀར་མཛེས་སེར་ཤུལ་འབུམ་རྙིང་སྡེ་པའི་ཐུབ་བསམ་ལ་ཕྱི་ཕྱོགས་རྒྱལ་ཁབ་ཏུ་གནས་ཚུལ་མཁོ་སྤྲོད་བྱས་པའི་ཉེས་མིང་འོག། ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༡ ཉིན་དཀར་མཛེས་རྫོང་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས། དུས་ཡུན་ལོ་ ༢ བཙོན་འཇུག་གིས་ཁྲིམས་ཐག་བཅད།
འཛིན་བཟུང་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་པ། ཕྱི་ལོ་ ༢༠༢༡ ཟླ་ ༦ པའི་ནང་མགོ་ལོག་ཁུལ་ར་རྒྱ་དགོན་པའི་གྲྭ་འཇིགས་མེད་རྒྱ་མཚོ་དང་རོགས་པ་ཁག་གཅིག་གིས་མཚོ་སྔོན་ནང་བསྟན་སློབ་གླིང་ནས་མཐར་ཕྱིན་མཛད་སྒོའི་སྐབས་སྙན་དེབ་ཅིག་འགྲེམས་སྤེལ་བྱས་རྗེས། མཚོ་སྔོན་ཞིང་ཆེན་ཟེར་བའི་ཉེན་རྟོག་མི་སྣས་ཕྱི་ལོ་ ༢༠༢༡ ཧོར་ཟླ་ ༥ ཚེས་ ༡ ཉིན་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་ནས་ལོ་གཅིག་ལྷག་ཕྱིན། གསེར་རྟ་རྫོང་ཟེར་བ་ནས་ཡིན་པའི་རྩོམ་པ་པོ་དང་དགེ་རྒན་གྲྭ་སྨོན་ལམ་རྒྱ་མཚོ་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༩ ཉིན་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ནས་ལོ་གཅིག་དང་ཟླ་དགུ་ལྷག་འདས་ཀྱང་གནས་ཚུལ་ཤེས་རྟོགས་མི་ཐུབ་པར་གར་སོང་ཆ་མེད་དུ་གྱུར། ཕྱི་ལོ་ ༢༠༢༢ ཟླ་ ༡༠ པའི་ཟླ་མཇུག་ཙམ་ལ་བོད་ནག་ཆུ་འབྲི་རུ་གཡང་ཤོད་སྐྱིད་བརྡ་གྲོང་ཚོ་ནས་ཡིན་པ་རིན་ཆེན་དར་རྒྱས་དང་། བསམ་གཏན་གཉིས་རྒྱ་གཞུང་ཉེན་རྟོག་པས་བཙན་འཁྲིད་བྱས། ཡུལ་ཤུལ་ཁྲི་འདུ་ནས་ཡིན་པའི་སྐར་རྣམ་ཞེས་པ་ཕྱི་ལོ་ ༢༠༢༢ ཟླ་ ༡༠ པའི་ཟླ་མཇུག་ཏུ་༸གོང་ས་མཆོག་གིས་བསྩལ་བའི་ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་བཀའ་སློབ་སྤྱི་ཚོགས་དྲ་ལམ་དུ་བརྒྱུད་བསྐུར་བྱས་པའི་ཉེས་མིང་འོག་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར། སྤྱི་ཚོགས་དྲ་ལམ་དུ་སྲིད་གཞུང་གི་མགོ་ཁྲིད་དང་ལས་བྱེད་པར་སྐྱོན་བརྗོད་བྱས་པའི་ཉེས་མིང་འོག་ལྷ་ས་གྲོང་ཁྱེར་ཁོངས་འདམ་གཞུང་ནས་ཡིན་པ་དབྱངས་སྒྲོན་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༥ ཉིན་གློ་བུར་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༦ ཉིན་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་ཟེར་བའི་ཉེན་རྟོག་པས་སངས་ཚེ་གློ་བུར་དུ་འཛིན་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་བཅས་ནི། དཔེ་མཚོན་ཙམ་ལས་རྒྱ་གཞུང་གི་དམ་དྲག་ལ་བརྟེན་ནས་གནས་ཚུལ་ཤེས་རྟོགས་མ་ཐུབ་པའང་ཇི་སྙེད་ཅིག་ཡོད་པ་ཚོད་དཔག་བྱེད་ཐུབ།
ཉེ་ལམ་བོད་ཀྱི་ལོ་སར་དང་གསུམ་བཅུའི་དུས་དྲན་སྐབས་རྒྱ་ནག་གཞུང་གིས་བོད་ནང་སྔར་ལས་དམ་དྲག་ཆེ་བ་དང་ཞིབ་བཤེར་རིགས་བྱེད་བཞིན་ཡོད་པ་ལྟར། འདི་ཟླའི་ཚེས་ ༢ ཉིན་བོད་གཞིས་ཀ་རྩེ་གྲོང་ཁྱེར་དུ་ཟ་ཁང་ཞིག་ནང་ལས་ཀ་བྱེད་བཞིན་པ་རྣམ་གླིང་རྒྱ་མཚོ་ཡུལ་ཚོའི་བུད་མེད་རང་ལོ་ ༢༣ དབྱངས་མཚོ་ཡིས་ཕྱི་ཕྱོགས་སུ་པར་རིས་སོགས་བརྒྱུད་སྐུར་བྱས་པའི་ཉེས་མིང་འོག་ཁོ་མོ་རྒྱ་གཞུང་གིས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད།
རྒྱ་གཞུང་གིས་བོད་མི་རིགས་རྩ་མེད་གཏོང་བའི་སྲིད་བྱུས་དང་། མི་རིགས་དབྱེ་འབྱེད་ཀྱི་གཉའ་གནོན་ལ་གཞིས་བཞུགས་སྤུན་ཟླ་རྣམས་ཀྱིས་མགོ་བོ་ནམ་ཡང་མི་སྒུར་བར་ཞུམ་པ་མེད་པའི་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཞི་བའི་ལས་འགུལ་སྤེལ་བ་རྣམས་ཆུད་ཟོས་སུ་མི་འགྲོ་བ་དང་། ཁོང་རྣམ་པའི་མངོན་འདོད་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་ཆེད་བྱེས་སུ་ཡོད་པའི་བོད་མིའི་སྒྲིག་འཛུགས་བཀའ་སྤྱི་གཉིས་ཀྱི་ངོས་ནས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཞུ་གཏུག་གི་ལས་འགུལ་རིམ་པ་སྤེལ་ཡོད་པ་དང་། མུ་མཐུད་སྤེལ་རྒྱུའི་འཆར་གཞི་ཡོད། དེ་བཞིན་ཚོགས་པ་ཁག མི་སྒེར། བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་ལས་འགུལ་སྤེལ་དང་སྤེལ་མུས་བཞིན་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་རྒྱལ་ཁབ་མང་པོ་ཞིག་གིས་བོད་དོན་ཐོག་རྒྱབ་སྐྱོར་ཡོད་པའི་ཁྲིམས་གཞི་དང་གྲོས་ཆོད་རིམ་པར་བཞག་པ་དང་། བསྒྲགས་གཏམ་སྤེལ་བ། སེམས་འཚབ་ཡོད་པའི་གཏམ་བཤད་གནང་བ་སོགས་ཀྱིས་མཚོན་རྒྱ་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་ནས་བོད་ནང་དུ་དྲག་གནོན་གྱི་སྲིད་བྱུས་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡོད།
མདོར་ན་བོད་ནང་ཆབ་སྲིད་ཀྱི་ཛ་དྲག་གནས་སྟངས་མུ་མཐུད་གནས་མུས་ཐོག་རྒྱ་གཞུང་གིས་སྲིད་བྱུས་ངན་པ་ལག་བསྟར་རྒྱུན་ཆད་མེད་པ་བྱས་ནས་བོད་ཀྱི་སྣོད་བཅུད་གཉིས་ཀ་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་བརྟེན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་རིམ་པར་གཞུང་འབྲེལ་མྱ་ངན་གུས་འདུད་དང་། གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་རིམ་པ་བཞག་ཡོད་པ་དང་། གྲོས་ཆོད་དེ་དག་ལག་བསྟར་ཡོང་སླད་རེ་སྐུལ་བསྐྱར་ནན་ཞུ་བ་དང་འབྲེལ་ད་ལན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པ་འདིའི་ཐོག་ནས་ཀྱང་གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་ཅིག་འཇོག་དགོས་གལ་ཆེར་མཐོང་།
གྲོས་ཆོད།
༡༽ བོད་ས་ཤོར་ནས་ད་བར་རྒྱ་ནག་དམར་གཞུང་གི་བཙན་གནོན་དང་སྡུག་སྦྱོང་མནར་གཅོད་འོག་བོད་བསྟན་སྲིད་མི་རིགས་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རངས་དང་། འཕགས་མཆོག་འཇིག་རྟེན་མགོན་པོས་རྗེས་སུ་བཟུང་ནས་སླར་ཡང་བོད་གངས་ཅན་ལྗོངས་སུ་སྐྱེས་ཤིང་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རྨད་བྱུང་མཛད་རྗེས་འཇོག་གནང་ཡོང་བའི་སྨོན་འདུན་དང་ཤུལ་ལུས་ཉེ་འབྲེལ་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ།
༢༽ རྒྱ་གཞུང་གིས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དང་འགལ་བའི་ཐོག་བོད་ནང་དྲག་གནོན་གདུག་རྩུབ་ཀྱི་སྲིད་བྱུས་རྣམས་འཕྲལ་དུ་མཚམས་འཇོག་དགོས་པ་དང་། བོད་ནང་གི་བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་ངེས་པར་དུ་སྤྲོད་དགོས།
༣༽ ༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་དཔལ་བཟང་པོ་ (དགེ་འདུན་ཆོས་ཀྱི་ཉི་མ།) མཆོག་གིས་གཙོས་རྒྱ་གཞུང་གི་བཙན་འོག་ཏུ་སྡུག་སྦྱོང་མྱོང་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་བཀྲོལ་བཏང་ནས། ཁོང་རྣམ་པའི་ཚེ་སྲོག་ལ་འགན་ཁུར་ཐོག་ནས་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལོངས་སུ་སྤྱོད་དུ་འཇུག་དགོས།
༤༽ བོད་ནི་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པ་དང་། ད་ལྟའི་ཆར་བོད་རྒྱའི་དཀའ་རྙོག་སེལ་བའི་ལྡེ་མིག་ལྟ་བུ་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཡིན་པས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མགོན་པོ་གང་གི་དགོངས་གཞི་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱ་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཀྱང་། ༸གོང་ས་མཆོག་ཞལ་བཞུགས་སྐབས་གཡས་ཁག་གཡོན་དཀྲིས་ཀྱིས་བོད་རྒྱའི་དཀའ་རྙོག་ཐག་གཅོད་མ་བྱས་པར་མ་འོངས་པར་ཛ་དྲག་གནས་ཚུལ་ག་རེ་བྱུང་ཡང་དེའི་འགན་ཁུར་ཆ་ཚང་རྒྱ་གཞུང་ལ་ཡོད།
༥༽ རྒྱ་གར་གཞུང་མང་གཉིས་ཀྱིས་བོད་མི་བཙན་བྱོལ་བ་རྣམས་ལ་གཞལ་དུ་མེད་པའི་བཀའ་དྲིན་བླ་མེད་དུ་བསྐྱངས་པར་ཐུགས་རྗེ་ཆེ་ཞུ་བ་དང་། གཞན་ཡང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་སྤྱིའི་ནང་གི་ཨ་རི་སྲིད་གཞུང་གིས་གཙོས་སྲིད་གཞུང་ཁག་དང་། གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་སྒྲིག་འཛུགས། གནད་ཡོད་མི་སྣ། མི་སྒེར་བཅས་ལ་བོད་ཀྱི་གནས་སྟངས་ཛ་དྲག་ཏུ་གྱུར་པའི་སྐབས་འདིར་རོགས་རམ་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ།
༦༽ རྒྱ་དམར་གཞུང་གིས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་བཙན་གནོན་ཧམ་བཟུང་བྱས་པ་ནས་བཟུང་བོད་དུ་ཛ་དྲག་གི་གནས་སྟངས་མཚམས་ཆད་མྱོང་མེད་པ་དང་། དུས་ད་ལྟའང་རྒྱ་ནག་གཞུང་གི་ངན་བྱུས་དང་བཙན་གནོན་འོག་གཞིས་ལུས་བོད་མི་རྣམས་ཉིན་མཚན་འཁྱོལ་དཀའ་བའི་མནར་གཅོད་སྡུག་སྦྱོང་མྱངས་དང་མྱོང་བཞིན་པའི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་། ད་བར་གཞིས་བཞུགས་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གསོན་ཡོངས་ཀྱི་ལྷག་བསམ་དང་། དཔའ་མཛངས་སྙིང་སྟོབས། བླ་ན་མེད་པའི་མཛད་རྗེས་བཅས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། རང་དབང་ལུང་པར་ཡོད་པའི་བོད་མི་རྣམས་ཀྱིས་བོད་དོན་དྲིལ་བསྒྲགས་དང་སྲིད་གཞུང་ཁག་ལ་ཞུ་གཏུག་ལས་འགུལ་སོགས་ཀྱི་ཐོག་ནུས་པ་མཉམ་སྤུངས་དང་གོ་སྐབས་དམ་འཛིན་དགོས་པའི་ནན་སྐུལ་ཞུ་རྒྱུ་དང་འབྲེལ། བོད་དོན་བདེན་པའི་འཐབ་རྩོད་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་རྣམས་མི་ཉམས་རྒྱུན་འཛིན་ཐོག་བོད་མི་རྣམས་ཀྱི་ཆིག་བསྒྲིལ་གྱི་ནུས་པ་གོང་མཐོར་གཏོང་རྒྱུར་ཕྱོགས་ཡོངས་ནས་ཕྱར་གྲུ་མཉམ་འདེགས་བྱ་དགོས་པ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༥ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ཐོག་བགྲོ་གླེང་ཞིབ་རྒྱས་དང་འབྲེལ་སྤྱི་མོས་ཀྱིས་གཏན་འབེབས་ཞུས། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༥ ལ།།