༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཐའེ་ཝན་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་གདན་འདྲེན་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༢༧ ཉིན་ཐའེ་ཝན་ཐའོ་ཡོན་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་སྐབས་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་ལས་བྱེད་རྣམ་པ། ཐའེ་སྡོད་བོད་རིགས་ཚོགས་པའི་ཚོགས་གཙོ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་གཙོས་རྒྱུན་ལས་ཁག་གཅིག་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།དེ་ཡང་གནམ་ཐང་ནས་མགྲོན་ཁང་དུ་འབྱོར་མ་ཐག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང། དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་ནས་སྐུ་ཚབ་དོན་གཅོད་དང་དྲུང་ཆེ་མཉམ་དུ་ཕྱི་ཟླ་ ༤ ཚེས་ ༢ བར་ཉིན་གྲངས་བདུན་རིང་གི་འཚམས་གཟིགས་ལས་རིམ་དང་འབྲེལ་བའི་བཀའ་བསྡུར་ལྷུག་པོ་གནང་བ་མ་ཟད། ཐའེ་ཝན་གྱི་སྤྱི་ཡོངས་གནས་སྟངས་སྐོར་དང་། འབྲེལ་ཡོད་གནད་ཡོད་མི་སྣ་དང་མཇལ་འཕྲད་སྐབས་ཕན་ཚུན་བཀའ་མོལ་ཞུ་ཕྱོགས་ཀྱི་བརྗོད་གཞི་ཁག་ལའང་བཀའ་བསྡུར་ནན་པོ་གནང་ཡོད།དགོང་མོ་ཆུ་ཚོད་ ༦ པའི་ཐོག་འབྲེལ་ཡོད་ཐའེ་ཝན་བོད་ཀྱི་མཐུན་གྲོགས་ཚོགས་པས་ཕེབས་བསུའི་གསོལ་སྟོན་ཞིག་གོ་སྒྲིག་ཞུས་པ་ལྟར། འབྲེལ་ཡོད་ཐའེ་ཝན་ཧཱ་ཀ་ལྷན་ཁང་གི་བློན་ཆེན་སྐུ་ཞབས་ཡང་ཁྲང་ཁྲིན་ (Yiong Con-Ziin) མཆོག་དང་། ཐའེ་ཝན་སྲིད་འཛིན་ལས་ཁུངས་ཀྱི་སློབ་སྟོན་པ་ལྕམ་ (Yeh Chu-Lan) མཆོག ཐའེ་ཝན་གྲོས་ཚོགས་འཐུས་མི་ཟུར་པ་དང་གཞུང་དོན་ལྟ་རྟོགས་ལྷན་ཁང་གི་འཐུས་མི་ལྕམ་ (Liutien, Chiu-Chin, members of the control yuan Taiwan, ROC) མཆོག ཐའེ་ཝན་ངལ་རྩོལ་ལྷན་ཁང་གི་བློན་ཆེན་གཞོན་པ་སྐུ་ཞབས་ (Lee, Chun Yi) མཆོག གྲོས་ཚོགས་འཐུས་མི་ཟུར་པ་ལྕམ་ (Jieh Ru Chen) མཆོག་སོགས་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་གྲོགས་པོ་རྙིང་པ་ཁག་གཅིག་དང་ལྷན་ཐའེ་ཝན་དང་བོད་ཀྱི་འབྲེལ་ལམ། ད་ལྟའི་ཆབ་སྲིད་གནས་སྟངས་སོགས་ཀྱི་སྐོར་ཕན་ཚུན་གླེང་མོལ་དལ་ལྷོད་བྱུང་ཡོད་པ་རེད།ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་རྣམ་གཉིས་ཀྱི་འཚམས་གཟིགས་ལས་དོན་གཙོ་བོ་ནི། ཐའེ་ཝན་ཕྱི་སྲིད་བློན་ཆེན་དང་། གྲོས་ཚོགས་ཀྱི་ཚོགས་གཙོ། གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམ་པ། འགྲོ་བ་མིའི་ཐོབ་ཐང་གི་ཚོགས་གཙོ་གཞོན་པ་དང་འཐུས་མི་རྣམ་པ། གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་དང་ཤེས་ཡོན་སྡེ་ཚན། ཐའེ་སྡོད་བོད་མི་སོགས་འབྲེལ་ཡོད་ཁག་དང་མཇལ་འཕྲད་ཀྱིས་བཀའ་མོལ་གནང་གཏན་ཁེལ་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།