༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༡༣ ཉིན་གྱི་སྔ་དྲོ་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་མེག་སི་ཀོའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སལ་ཝ་ཌོར་ཀ་རོ་ཀེ་བྷི་རེ་ར་ (Salvador Caro Cabrera) མཆོག་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ལི་ཌཡེ་གྷར་སི་ཨ་ནཱ་ཡཱ་ (Lidia Garcia Anaya) མཆོག་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ཌུལ་སེ་མཱ་རཡེ་ (Dulce Maria Corina) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་མཱ་ཊེ་རི་ས་རོ་སའོ་ར་ཨོ་ཆའོ་མེ་ཇཱ་ (Ma Teresa Rosaura Ochoa Mejia) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་ཇུ་ལེ་ཊ་མེ་ཇཱ་ཨི་བྷ་ནེ་ཛི་ (Julieta Mejia Ibanez) མཆོག གྲོས་ཚོགས་འཐུས་མི་ལྕམ་སྐུ་ལི་ཌཡེ་པི་རེཛ ཨི་བྷ་ནེཛ་ (Lidia Perez Ibanez) མཆོག གྲོས་ཚོགས་འཐུས་མི་སྐུ་ཞབས་ཇོ་སེ་མི་གྷུལ་ཌི་ལ་ཁར་ཛི་ལི་མ་ (Jose Miguel De La Cruz Lima) མཆོག་བཅས་ལས་གྲུབ་པའི་མེག་སི་ཀོ་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་ཕྱག་རོགས་ལས་བྱེད་དང་མཇལ་འཕྲད་གནང་ཡོད། དེ་ཡང་མཇལ་འཕྲད་སྐབས་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། བོད་ནང་བོད་མི་ ༡༥༧ ལྷག་གིས་བོད་མིའི་རང་དབང་ཆེད་དུ་རང་ལུས་མེར་སྲེག་བཏང་ཡོད་པའི་སྐོར་དང་། བོད་མིའི་སྒྲིག་འཛུགས་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་སེལ་ཐབས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ། རྒྱ་ནག་ནང་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་ཐུབ་པའི་རེ་བ་ཡོད་སྐོར་གསུངས་ཡོད།
གཞན་ཡང་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས། རྒྱ་ནག་གཞུང་གིས་གནོན་ཤུགས་སྤྲད་མིན་ལ་མ་ལྟོས་པར་མེག་སི་ཀོའི་གཞུང་གིས་དུས་རྟག་ཏུ་བོད་དོན་སླད་རྒྱབ་སྐྱོར་གནང་གི་ཡོད་ལ། དེ་བཞིན་མེག་སི་ཀོའི་གྲོས་ཚོགས་འཐུས་མི་རྣམ་པས་མེག་སི་ཀོའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་གནང་བ་བཅས་ལ་ཐུགས་རྗེ་ཆེ་ཞུས་གནང་བ་དང་འབྲེལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དེ་སྔ་ལ་ཊིན་ཨ་མི་རི་ཀར་ཐེངས་མང་ཆིབས་སྒྱུར་བསྐྱངས་པར་བརྟེན་བོད་མི་དང་ལ་ཊིན་ཨ་མི་རི་ཀའི་མི་མང་དབར་དམིགས་བསལ་གྱི་འབྲེལ་བ་བྱུང་ཡོད་སྐོར་གསུངས།
ཕྱོགས་མཚུངས་ཕྱི་དྲིལ་བཀའ་བློན་མཆོག་གིས། དེ་སྔ་བོད་མིའི་སྐུ་ཚབ་ཚོགས་ཆུང་ཀྱིས་རྒྱལ་ཚོགས་ནས་བོད་དོན་གྲོས་ཆོད་སླད་རྒྱབ་སྐྱོར་གནང་དགོས་པའི་རེ་སྐུལ་ཞུས་པའི་སྐབས་ཨེལ་སལ་ཝར་ཊོར་ (El Salvador) རྒྱལ་ཁབ་ནས་རྒྱལ་ཚོགས་སུ་བོད་དོན་སྐོར་གྱི་གྲོས་ཆོད་ལ་རྒྱབ་སྐྱོར་གནང་ཡོད་པའི་སྐོར་དང་། མེག་སི་ཀོའི་གྲོས་ཚོགས་འཐུས་མི་རྣམ་པས་དྲང་བདེན་དང་རང་དབང་ཆེད་དུ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད།
གཞན་ཡང་ཕྱི་དྲིལ་བཀའ་བློན་མཆོག་གིས། རྒྱ་གར་གཞུང་མང་གཉིས་ནས་བོད་མི་རྣམས་ལ་བོད་མིའི་རིག་གཞུང་དང་ངོ་བོ་མི་ཉམས་རྒྱུན་འཛིན་གྱི་གོ་སྐབས་བསྐྲུན་གནང་བར་ཐུགས་རྗེ་ཆེ་ཞེས་དང་། དེ་བཞིན་ཨ་རིའི་གཞུང་གིས་ཀྱང་བོད་མི་རྣམས་ལ་དུས་རྟག་ཏུ་རྒྱབ་སྐྱོར་དང་། ལྷག་པར་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གྲོས་མོལ་བསྐྱར་གསོ་ཡོང་སླད་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་མ་ཟད། ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་ལ་ཊིན་ཨ་མི་རི་ཀའི་ཁུལ་དུ་བོད་མིའི་བདེན་པའི་འཐབ་རྩོད་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་མ་ཟད། མེག་སི་ཀོའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སལ་ཝ་ཌོར་ཁ་རོ་ལགས་ཀྱིས་གཙོས་པའི་གྲོས་ཚོགས་འཐུས་མི་དགུ་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་བཞུགས་སྒར་རྡ་སར་ཁྲིད་གནང་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད།
སྐབས་དེར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཕྱི་དྲིལ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས། ཕྱི་དྲིལ་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས་བཅས་ཀྱང་མཉམ་ཞུགས་གནང་ཡོད་པ་བཅས།།