༄༅། །འདི་གར་པེ་རི་སི་འབྲེལ་མཐུད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༢༠ ཉིན་ཕ་རཱན་སིའི་མངའ་སྡེ་སེན་ཌི་ཅཕ་རེའི་ (Saint-Chaffrey) རྫོང་དཔོན་ལས་ཁུངས་ནས་བོད་དོན་ལ་རྒྱབ་སྐྱོར་མཚོན་ཆེད་དུ་རྫོང་དཔོན་ལས་ཁུངས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། རྫོང་དཔོན་ལས་ཁུངས་ནས་མགྲོན་འབོད་གནང་བ་ལྟར་གོང་ཚེས་ཉིན་པེ་རི་སི་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་དང་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་འཕྲིན་ལས་ལགས་རྣམ་གཉིས་མཛད་སྒོར་མཉམ་ཞུགས་གནང་ཡོད།
དེ་ཡང་པེ་རི་སི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་དང་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་འཕྲིན་ལས་ལགས་རྣམ་གཉིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོར་ཕེབས་སྐབས་ཕ་རཱན་སིའི་ས་གནས་གྷི་རིན་ནོ་བྷལ་ (Grenoble) ཁུལ་དུ་གནས་སྡོད་བོད་མི་དུད་ཚང་བཅུ་ཙམ་དང་ཐུག་འཕྲད་གནང་ཡོད། ཕ་རཱན་སིའི་ས་གནས་གྷི་རིན་ནོ་བྷལ་ཁུལ་དུ་ཁྱོན་བསྡོམས་བོད་མི་ལྔ་བཅུ་ཙམ་གཏན་སྡོད་བྱེད་ཀྱི་ཡོད། པེ་རི་སི་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་དང་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་འཕྲིན་ལས་ལགས་རྣམ་གཉིས་ས་གནས་སེན་ཌི་ཅཕ་རེར་འབྱོར་སྐབས་ས་གནས་ཀྱི་རྫོང་དཔོན་ཀོ་རིན་ཅེན་ཕེ་རེ་ (Corinne CHANFRAY) ལགས་དང་། རྫོང་དཔོན་གཞོན་པ་སིན་ཌི་ཅབ་རོལ་ (Cindy CHABROL) ལགས། འབྲེལ་ཡོད་ལས་བྱེད་སི་ཊེ་ཕ་ནི་པི་གྷིས་ (Stephanie PEGUES) ལགས། ས་གནས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Urgence Tibet) ཞེས་པའི་ཚོགས་མི། དེ་བཞིན་ས་གནས་ཀྱི་བོད་པ་དུད་ཚང་བཞི་བཅས་ནས་ཕེབས་བསུའི་སྣེ་ལེན་ཞུས་གནང་ཡོད་པ་མ་ཟད། ས་གནས་སུ་གངས་ཤུད་རྩེད་སར་སྐོར་སྐྱོད་དུ་ཁྲིད་གནང་ཡོད།དེ་རྗེས་ས་གནས་རྫོང་དཔོན་ལས་ཁུངས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱི་མཛད་སྒོ་ཚོགས་ཡོད་པ་དང་། སྐབས་དེར་རྫོང་དཔོན་གྱིས་བོད་དོན་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་སྐོར་གསུངས། པེ་རི་སི་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས་ཀྱིས་བོད་ནང་གི་གནས་སྟངས་སྐོར་ངོ་སྤྲོད་དང་ཉེར་ཆར་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པའི་མཛད་སྒོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བཀའ་ཤག་གིས་གསུང་བཤད་གནང་བའི་ངོ་བཤུས་ཕུལ་གྲུབ་མཚམས་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་འཕྲིན་ལས་ལགས་ཀྱིས་ཕ་རཱན་སིའི་སྐད་ཐོག་བོད་ནང་གི་དངོས་ཡོད་གནས་སྟངས་སྤྱི་དང་། ཕ་རཱན་སིར་བོད་པ་ཇི་ཙམ་ཡོད་པ་སོགས་ཀྱི་སྐོར་གསུང་བཤད་གནང་རྗེས་ས་གནས་ཀྱི་རྫོང་དཔོན་དང་ཕྱག་རོགས་ལས་བྱེད་རྣམས་ལ་ཐུགས་རྗེ་ཆེ་ཞུའི་མཇལ་དར་ཕུལ་ཡོད་པ་བཅས།།