༄༅། །སྐུ་ཞབས་ཀོན་རཌ་ཀེ་སངྒ་མ་ (Shri Conrad K Sangma) མཆོག་སླར་ཡང་རྒྱ་གར་མེ་གྷཱ་ལ་ཡ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དུ་བདམས་ཐོན་བྱུང་བར་ཕྱི་ལོ་ ༢༠༢༣ ཟླ་བ་ ༣ ཚེས་ ༠༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲིའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། ཉེ་ཆར་འོས་བསྡུའི་ཁྲོད་སྐུ་ཉིད་ལ་རྒྱལ་ཁ་ཐོབ་པར་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན།
འོས་བསྡུའི་རྒྱལ་ཁ་དེས། མི་མང་གིས་སྐུ་ཉིད་ཀྱིས་སླར་ཡང་མེ་གྷཱ་ལ་ཡ་མངའ་སྡེ་དེ་ཉིད་དབུ་ཁྲིད་ཐུབ་པའི་གདེང་ཚོད་དང་ཡིད་ཆེས་གནང་གི་ཡོད་པ་སྟོན་གྱི་ཡོད། སྐུ་ཉིད་ཀྱི་དབུ་ཁྲིད་འོག་མེ་གྷཱ་ལ་ཡ་མངའ་སྡེ་མུ་མཐུད་ཡར་རྒྱས་གོང་འཕེལ་དུ་འགྲོ་ཐུབ་ངེས་རེད།
གོ་སྐབས་འདི་བརྒྱུད་ངས་མེ་གྷཱ་ལ་ཡ་མངའ་སྡེའི་གཞུང་མང་གཉིས་ཀྱིས་གཏོང་ཕོད་ཆེན་པོའི་སྒོ་ནས་ས་གནས་སུ་གནས་སྡོད་བྱེད་མཁན་བཙན་བྱོལ་བོད་མི་རྣམས་ལ་བྱམས་སྐྱོང་དང་རྒྱབ་སྐྱོར་གནང་བཞིན་པར་བཀའ་དྲིན་ཤིན་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་ཏུ་དེ་སྔ་ཕྲན་རང་ཉིད་མེ་གྷཱ་ལ་ཡ་མངའ་སྡེའི་ནང་ལྟ་སྐོར་དུ་ཡོང་སྐབས་སྐུ་ཉིད་ཀྱིས་སྣེ་ལེན་གཟབ་རྒྱས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱིས་ལས་ཁུངས་མཐོ་གྲས་ཤིག་གི་ཐུགས་འགན་བཞེས་གནང་གི་ཡོད་པའི་ཆ་ནས་སླར་ཡང་ངས་འཚམས་འདྲི་དང་སྦྲགས་ལས་དོན་རྣམས་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།།