༄༅། །ཉི་ཧོང་ནང་བསྟན་མཐུན་ཚོགས་ (Japan’s Buddhist Association Super Samgha) ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ པའི་ཉིན་མོར་བསྒྲགས་གཏམ་ཞིག་སྤེལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་། བོད་རྒྱའི་དཀའ་རྙོག་གྲོས་མོལ་བརྒྱུད་སེལ་ཐབས་སུ་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས་འདུག
ཉི་ཧོང་ནང་བསྟན་མཐུན་ཚོགས་ཀྱི་སྐུ་ཚབ་ཀོ་བྷ་ཡ་ཤིས་ (Kobayashi Shuei) ལགས་དང་ཨོ་ནོ་ཇོ་ཀན་ (Ono Jokan) ལགས་ཕྱི་ཚེས་ ༡༦ ཉིན་ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་དུ་ཆེད་ཕེབས་ཀྱིས་བསྒྲགས་གཏམ་དེ་ཉིད་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་སུ་གཞུང་འབྲེལ་ཐོག་ཕུལ་གནང་ཡོད། ཉི་ཧོང་ནང་བསྟན་མཐུན་ཚོགས་ཀྱི་བསྒྲགས་གཏམ་དེ་ཉི་ཧོང་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༤ སྲུང་བརྩིའི་མཛད་སྒོར་སྒྲོགས་སྦྱང་གནང་ཡོད།དེ་ཡང་བསྒྲགས་གཏམ་ནང་རྒྱ་ནག་གཞུང་གི་དབང་བསྒྱུར་འོག་བོད་མིའི་རིག་གཞུང་དང་ངོ་བོ་བཅས་རྩ་བརླག་ཏུ་འགྲོ་ཉེན་ཆེ་སྟབས་དཀའ་ངལ་དེ་དག་སེལ་ཐབས་དགོས་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ནི་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མིན་པའི་ཁྱད་ཆོས་ཡིན་པས་རྒྱལ་ཁབ་དང་། ཚོགས་སྡེ་ཁག མི་སྒེར་པ་བཅས་ལ་བོད་མིའི་ཐུན་མོང་མིན་པའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ཐེ་བྱུས་གནང་རྒྱུའི་ཐོབ་ཐང་མེད་པར་བརྟེན་རྒྱལ་སྤྱིའི་སྲིད་གཞུང་དང་། དེ་བཞིན་ནང་པ་དང་ཕྱི་རོལ་པ་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་ཐོབ་ཐང་བོད་མི་རྣམས་ལ་ཡོད་པ་དེར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་ཡོད།
ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། ཉི་ཧོང་ནང་བསྟན་མཐུན་ཚོགས་ཀྱི་སྐུ་ཚབ་རྣམ་པར་ཁ་བཏགས་རེ་ཕུལ་ཏེ་ཉི་ཧོང་ནང་བསྟན་མཐུན་ཚོགས་ནས་བོད་མིའི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱིས་བསྒྲགས་གཏམ་སྤེལ་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་བཅས།།