སྔོན་གླེང་།
༄༅། །བོད་མི་མང་སྤྱི་འཐུས་ཟུར་པ་བདུད་འདུལ་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༤ ཉིན་དགུང་གྲངས་ ༨༥ ཐོག་ཧུབ་ལི་སྨན་ཁང་དུ་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག
ཁོང་ནི་ཕྱི་ལོ་ ༡༩༤༥ ཟླ་ ༧ ཚེས་ ༡༥ ཉིན་ཁམས་དཀར་མཛེས་ཡུལ་དུ་སྐུ་འཁྲུངས། ཡབ་ཡུམ་དང་ལྷན་དུ་མདོ་སྨད་རྔ་པར་ཕེབས། བོད་ལ་དུས་འགྱུར་བྱུང་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་འབྱོར་ནས་ཐོག་མར་ཀ་སྦུག་བོད་གཞུང་སློབ་གྲྭ་འགྲིམས་ཏེ་ཐོན་རྗེས། རྡ་སར་ལས་བྱེད་དང་དགེ་འོས་ཀྱི་སློབ་གཉེར་གནང་། དེ་རྗེས་ཀ་སྦུག་དང་། མ་སུ་རི། སིམ་ལ། ཀོ་ལི་གྷལ་སོགས་ཀྱི་བོད་གཞུང་སློབ་གྲྭའི་ནང་མི་ལོ་ ༣༣ ཙམ་གྱི་རིང་དགེ་རྒན་གྱི་ཕྱག་ལས་གནང་ཡོད་པ་དང་། དེ་བཞིན་མདོ་སྨད་སྤྱི་འཐུས་ཀྱི་ཁོངས་ནས་སྤྱི་འཐུས་སུ་བདམས་ཐོན་གྱིས་ཕྱི་ལོ་ ༡༩༧༢།༡༢།༢༥ ནས་ ༡༩༧༦།༠༥།༠༤ བར་བོད་མི་མང་སྤྱི་འཐུས་སྐབས་ལྔ་པའི་སྤྱི་འཐུས་ཀྱི་མཛད་འཁུར་བཞེས། མདོར་ན་ཁོང་ནི་སྐུ་ཚེ་ཧྲིལ་པོར་བོད་བསྟན་སྲིད་མི་རིགས་དང་བཅས་པར་སྲི་ཞུ་ཞབས་འདེགས་ལྷག་བསམ་གྱི་འཇུག་སྒོ་ཆེར་བསྐྱེད་གནང་མཁན་མཛད་རྗེས་ཅན་ཞིག་ཡིན་པ་བཅས།
གྲོས་ཆོད།
སྐུ་གཤེགས་དེ་ཉིད་ཀྱི་མཛད་རྗེས་ལ་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་དང་། དམ་པ་ཁོང་གི་ཚེ་རབས་ཀུན་ཏུ་བྱས་བསགས་སྡིག་ལྟུང་རྣམས་བྱང་ཞིང་དག་ནས་དལ་རྟེན་རིམ་བརྒྱུད་ཀྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། འདོད་གཅིག་ཤག་ཚང་དགེ་ཕྲུག་ཉེ་འབྲེལ་ལྟོས་བཅས་རྣམས་ལ་ཐུགས་གསོ་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༥ ལ།།
གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པའི་ཐོག་སྤྱི་མོས་ཀྱིས་གཏན་འབེབས་ཞུས། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༡༥ ལ།།