༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༢ ཚེས་ ༠༨ ཉིན་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་སུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བསྐྱར་དུ་བཏོན་པར་བོད་མིའི་སྒྲིག་འཛུགས་ནས་དགའ་བསུ་ཞུས་ཡོད།
དེ་ཡང་ཁྲིམས་འཆར་དེའི་ནང་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐོང་ལོངས་སུ་སྤྱོད་པར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བྱུས་ཀྱིས་འགོག་རྐྱེན་བྱེད་ཀྱི་ཡོད་པས། ཨ་རི་གཞུང་གིས་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྲུང་སྐྱོབ་སླད་སྲིད་བྱུས་བཟོ་རྒྱུ་དང་། བོད་རྒྱའི་དཀའ་རྙོག་ད་ལྟ་སེལ་མེད་ཅིང་བོད་ཀྱི་ཁྲིམས་དོན་གནས་བབ་རྒྱལ་སྤྱིའི་ཁྲིམས་གཞིར་བཟུང་ཐག་གཅད་རྒྱུ་ཡིན་པའི་འཆར་འབུལ་ཞུས་ཡོད་པ་རེད། དེ་བཞིན་ཁྲིམས་འཆར་དེས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཐོབ་ཐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དབུ་མའི་ལམ་ཉག་ཅིག་ལ་བརྟེན་རྒྱུ་ལས་ཐབས་གཞན་མེད་པ་གསལ་ཁ་གཏོད་ཡོད།
དེ་ལྟ་བུའི་ཁྲིམས་འཆར་ཨ་རིའི་གྲོས་ཚོགས་སུ་བཏོན་པར་སྐུ་ལས་སྐྱོན་མཁན་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་ (Jim McGovern) མཆོག་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མ་ཧི་ཀལ་མེ་ཀོལ་ (Michael McCaul) མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇེཕ་མར་ཀི་ལི་ (Jeff Merkley) མཆོག གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཀྲོཊ་ཡོང་ (Todd Young) མཆོག་བཅས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་བསྔགས་བརྗོད་དང་སྦྲགས། ཨ་རིའི་སྲིད་དོན་ཚོགས་པ་ཟུང་སྦྲེལ་གྱིས་གྲོས་ཚོགས་གོང་འོག་གཉིས་སུ་བོད་དོན་ཁྲིམས་འཆར་བསྐྱར་འདོན་གནང་བ་ནི་ཨ་རིའི་གྲོས་ཚོགས་འཐུས་མི་རྣམས་པས་རྒྱུན་རིང་མ་བསལ་བའི་བོད་རྒྱའི་དཀའ་རྙོག་དབུ་མའི་ལམ་བརྒྱུད་སེལ་ཐབས་སུ་སྐུལ་དེད་བཏང་བ་ཆགས་ཡོད། ཅེས་དང་།
ཨ་རི་གཞུང་ནས་ཞི་བདེ་དང་། མང་གཙོ། རང་དབང་། འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་བྱེད་མཁན་རྣམས་ལ་རྒྱབ་སྐྱོར་བྱས་ཏེ་ཨ་རིའི་རིན་ཐང་དེ་དག་སྲུང་སྐྱོབ་བྱེད་པ་མ་ཟད། བོད་དོན་སླད་རྒྱབ་སྐྱོར་ཤུགས་ཆེ་གནང་བ་ལ་བརྟེན་ནས་བོད་མི་ཚོས་ཨ་རིའི་གཞུང་གི་དྲང་བདེན་ཆེ་བའི་དབུ་ཁྲིད་ལ་ཡིད་ཆེས་བརྟན་དུ་ཕྱིན་ཡོད། ཁྲིམས་འཆར་འདིས་རྒྱ་ནག་གཞུང་གི་གདུག་རྩུབ་འོག་དཀལ་ངལ་མྱོང་བཞིན་པའི་བོད་ནང་གི་གཞིས་བཞུགས་རྒྱ་ཆེ་མི་མང་ལ་རེ་བ་ཆེན་པོ་སྤྲད་ཡོད་པ་སྨོས་མེད་རེད། ཅེས་གསུངས་ཡོད།
ཕྱོགས་མཚུངས་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་དེ་ཉིད་ཨ་རིའི་སྲིད་བྱུས་སུ་སྒྱུར་ཐབས་སླད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུས་ཡོད་པ་བཅས།།