༄༅། །འདི་གར་སྦན་ད་ར་ནོར་རྒྱས་གླིང་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༥༠ རབ་གནས་ཆུ་ཡོས་ལོའི་བོད་ཟླ་ ༡ ཚེས་ ༤ དང་ ༥ ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༢༣ དང་ ༢༤ བཅས་ཉིན་གྲངས་གཉིས་རིང་སྦན་ད་ར་ནོར་རྒྱས་གླིང་བོད་མིའི་གཞིས་ཆགས་དབུ་བརྙེས་ཏེ་ལོ་ངོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དུས་ཆེན་སམ་བྷོ་ཊ་ཉིན་སློབ་མདུན་ཐང་དུ་སྲུང་བརྩི་ཞུས་ཡོད།དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཁ་བ་གངས་ཅན་དང་། ལྷག་པར་བོད་མིའི་འཕྲལ་ཕུགས་ཀྱི་བདེ་རྩར་ཐུགས་ཁུར་ཆེ་བཞེས་ཀྱིས་མཛད་པ་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་པ་དང་། དེ་བཞིན་འགྲོ་བ་མི་སྤྱིའི་ཁེ་ཕན་སླད་ཀུན་ཁྱབ་འགན་འཁུར་དང་། འཛམ་གླིང་ཞི་བདེ། བྱམས་སྙིང་རྗེ་བཅས་གོང་མཐོར་གཏོང་རྒྱུའི་ཐོག་སྐུ་ངལ་འཛེམས་མེད་ཀྱིས་མཛད་པ་རླབས་ཆེན་བསྐྱངས་དང་སྐྱོང་བཞིན་པར་ནོར་རྒྱས་གླིང་ས་གནས་མི་མང་མཐུན་མོང་ནས་མི་ལོ་ ༥༠ ཧྲིལ་པོ་འཁོར་བའི་དུས་སྟོན་དང་སྟབས་བསྟུན་མགོན་པོ་གང་ཉིད་ལ་བཀའ་དྲིན་རྗེས་དྲན་ཆེད་ཚེ་དཔག་མེད་ཀྱི་སྐུ་བརྙན་ཞིག་ཕུལ་ཡོད།ཉིན་དང་པོ་སྔ་དྲོ་ཚུ་ཚོད་ ༨ ཐོག་སམ་བྷོ་ཊ་ཉིན་སློབ་རྟེན་མཁར་མདུན་ཐང་དུ་སྐུ་རླུང་དར་བཙུགས་དང་། བསང་གསོལ་གྲུབ་མཚམས་ལས་སྣེ་རྣམས་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་བཞུགས་ཁྲིར་གསོལ་རྗེས་དགོན་པའི་དགེ་བཤེས་ལྷ་རམས་པ་དང་། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་དངོས་གྲུབ་འོད་ཟེར་ལགས། ལྔ་བཅུའི་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་གཞོན་བཅས་ནས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་ལས་སྣེ་དང་མི་མང་རྣམས་ནས་རིམ་བཞིན་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་ཁ་ཞུས་གྲུབ་མཚམས་སེར་སྐྱ་མི་མང་ཡོངས་ལ་གསོལ་ཇ་འབྲས་བསིལ་འདེགས་འབུལ་དང་བཅས་ཆོས་ཕྱོགས་ཀྱི་མཛད་སྒོ་ཞུས་ཡོད།དེ་ཡང་མཛད་སྒོ་སྐབས་སུ་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་དངོས་གྲུབ་འོད་ཟེར་ལགས་དང་སྐུ་མགྲོན་གཙོ་བོ་ས་གནས་གོན་ཊི་ཡ་དང་སྦན་ད་ར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེམ་ཇི་ཅནྡྲི་ཀཱ་པུ་རི་ (M.G Chandrikapure) ལགས། ཕྱོགས་བཞུགས་སྤྱི་འཐུས་ཀརྨ་དགེ་ལེགས་ལགས། ས་གནས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི། གཞན་མངའ་སྡེའི་དཔོན་རིགས་ཁག་དང་། དེ་བཞིན་ནོར་རྒྱས་གླིང་གི་མི་མང་དང་། སློབ་ཕྲུག་བཅས་ཚང་འཛོམས་གནང་ཡོད།ཉིན་དང་པོར་སྐུ་མགྲོན་གཙོ་བོ་མཆོག་གིས་ཉིན་མོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་དང་། གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ས་གནས་འགོ་འཛིན་དོན་གྲུབ་བཟང་པོ་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་གནང་།
དེ་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྔ་བཅུའི་དུས་སྟོན་ཐོག་སྩལ་གནང་བའི་གསུང་འཕྲིན་ལྗགས་ཀློག་ཞུས་པ་དང་། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་དངོས་གྲུབ་འོད་ཟེར་ལགས་ཀྱིས་མང་ཚོགས་ལ་གསུང་བཤད་དང་ཉིན་རྒྱབ་གསོལ་ཚིགས་རྗེས་གཏོང་ཕོད་ཅན་གྱི་སྦྱིན་བདག་རྣམས་ལ་བཀའ་དྲིན་མཚོན་ཆེད་ཕྱག་རྟགས་ཕུལ་ཡོད། དེ་ནས་དགོང་དྲོ་ཀ་སྦུག་གངས་ལྗོངས་ཟློས་གར་ཚོགས་པ་དང་། གཞན་ཡང་གཞས་པ་གཞས་མ་རྣམས་ནས་གཞས་སྣ་ཁྲབ་སྟོན་ཞུས་ཡོད།ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༢༤ ཉིན་ཀ་སྦུག་གངས་ལྗོངས་ཟློས་གར་ནས་ལྷ་མོ་གཞུང་སྣང་ས་འོད་འབུམ་གཟིགས་འབུལ་ཞུས་པ་དང་། གུང་ཚིགས་རྗེས་རྩེད་མོ་གོ་སྒྲིག་ཞུས་པ་ལྟར་གནང་ཡོད་པ་མ་ཟད་དགོང་མོའི་གསོལ་ཚིགས་ཀྱང་གོ་སྒྲིག་གནང་ཡོད་པ་བཅས། །