༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༢ ཚེས་ ༠༤ དང་ ༠༥ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་ཨུ་ཊར་པྲ་དེཤ་མངའ་སྡེའི་གྷ་ཛི་ཡ་བྷཊ་གྲོང་ཁྱེར་ནང་ཧིན་བོད་མཛའ་འབྲེལ་ཚོགས་པ་(Bharat Tibbat Sahyog Manch) ཞེས་པའི་རྒྱལ་ཡོངས་འགན་འཛིན་ལྷན་ཚོགས་བསྐོང་ཚོགས་གནང་ཡོད།
དེ་ཡང་ཚོགས་འདུའི་དབུ་བྱེད་མཛད་སྒོའི་ཐོག་མར་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་པཾཀཇ་གོཡལ་ལགས་ཀྱིས་ཚོགས་བཅར་བ་རྣམས་ལ་ཕེབས་བསུ་ཞུས་པ་དང་འབྲེལ་ད་ཆ་བསྲུ་བྲིད་ཅན་གྱི་རྒྱ་ནག་སྐོར་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུའི་དུས་ལ་འབབ་ཡོད་སྐོར་སོགས་གསུངས་རྗེས་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་ཚོགས་མི་རྒན་པ་སྐུ་ཞབས་ཨིན་དྲེཤ་ཀུ་མཱར་ལགས་ཀྱིས་རྒྱ་ནག་ནི་འགྲོ་བ་མི་རིགས་ལ་དོ་ཁུར་མེད་པའི་ཐོག་འཛམ་གླིང་རྒྱལ་ཁབ་མང་པོར་གནོད་སྐྱོན་གཏོང་བཞིན་ཡོད་ཅེས་དང་། དེ་བཞིན་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༥ ཚེས་ ༠༥ ཉིན་ཧིན་བོད་མཛའ་འབྲེལ་ཚོགས་པ་དབུ་བཙུགས་ནས་ལོ་ངོ་ཉེར་ལྔ་འཁོར་འགོ་ཚུགས་ཡོད་སྟབས་ཉེར་ལྔའི་དུས་སྟོན་གྱི་ལས་འགུལ་ཁག་སྤེལ་འགོ་བཙུགས་རྒྱུ་ཡིན་ཞིང་། དེ་ཡང་ཉེར་ལྔའི་དུས་སྟོན་གྱི་ལས་འགུལ་ཐོག་མར་བཞུགས་སྒར་རྡ་རམ་ས་ལ་ནས་དབུ་འཛུགས་ཞུས་ཐོག་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༥ ཚེས་ ༠༥ ཉིན་རྡ་རམ་ས་ལར་མཇུག་བསྡུ་རྒྱུ་ཡིན་ཞེས་གསུངས། སྐབས་དེར་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་དྲིལ་བསྒྲགས་གོ་རྟོགས་ཤུགས་ཆེ་སྤེལ་ཏེ་བོད་དོན་སྲ་བརྟན་དུ་གཏང་རྒྱུ་ཡིན་སྐོར་གསུངས་ཡོད།
གཞན་ཡང་ཚོགས་འདུའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཱ་ཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། འབུམ་རམས་པ་ཨ་བི་ཇིཊ་ཨནན་ལགས་ནས་ཀྱང་གསུང་བཤད་གནང་ཡོད། སྐབས་དེར་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ཚན་པས་བོད་ནང་གི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་སྒོ་བརྒྱབ་རྒྱུར་གནོན་ཤུགས་སྤྲོད་ཆེད་ཞུ་གཏུག་མཚན་རྟགས་འགོད་རྒྱུའི་ལས་འགུལ་སྤེལ་བཞིན་པའི་སྐོར་དང་ཚོགས་བཅར་བ་རྣམས་ནས་དེར་མཚན་རྟགས་འགོད་གནང་ཡོང་བའི་འབོད་སྐུལ་ཞུས་ཡོད།
ཕྱི་ཚེས་ ༠༥ ཉིན་ཚོགས་འདུའི་མཇུག་སྡོམ་མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ནང་པའི་སྐུ་ཚབ་ལྕམ་རིན་ཆེན་ལྷ་མོ་ལགས། ཨིན་དྲེཤ་ཀུ་མཱར་ལགས། དེ་བཞིན་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་མི་རྣམས་པ་ལྷན་ཞུགས་ཐོག་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་རྒྱ་གར་ཧིན་བོད་མཛའ་འབྲེལ་ཚོགས་པའི་འགོ་ལས་ཡོངས་ནས་བོད་དོན་ཐོག་རྒྱབ་སྐྱོར་གཡོ་མེད་གནང་དང་གནང་བཞིན་པར་བོད་མིའི་སྒྲིག་འཛུགས་ངོས་ནས་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ཧིན་བོད་མཛའ་འབྲེལ་ཚོགས་པ་དེ་བཞིན་དབུ་བཙུགས་ནས་ལོ་ངོ་ཉེར་ལྔ་སོན་པར་འཚམས་འདྲི་དང་བཅས་ཚོགས་པའི་ངོས་ནས་བོད་དང་བོད་མིར་རྒྱབ་སྐྱོར་མུ་མཐུད་གནང་བའི་རེ་བ་ཡོད་ཅེས་གསུངས། ཕྱོགས་མཚུངས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ནང་པའི་སྐུ་ཚབ་རིན་ཆེན་ལྷ་མོ་ལགས་ཀྱིས་ཧིན་བོད་མཛའ་འབྲེལ་ཚོགས་པས་ཁོང་མོར་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་ཁོང་མོས་ཚོགས་པའི་ལས་དོན་བྱེད་ཕྱོགས་དང་། བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་མཁྱེན་རྟོགས་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། ཁོང་མོའི་ངོས་ནས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེར་རྒྱབ་སྐྱོར་ཡོད་ཅེས་གསུངས་ཡོད།
མཐར་རྒྱ་གར་མང་ཚོགས་ཁྲོད་བོད་དོན་གོ་རྟོགས་སྤེལ་ཆེད་ཚོགས་བཅར་བ་རྣམས་ནས་གྷ་ཛི་ཡ་བྷཊ་ནང་གོ་རྟོགས་ཁྲོམ་སྐོར་ཞིག་གོ་སྒྲིག་ཞུས་ཏེ་ཚོགས་འདུ་ལེགས་པར་མཇུག་སྒྲིལ་ཡོད། ཉིན་གྲངས་གཉིས་རིང་གི་ཚོགས་འདུའི་ཐོག་རྒྱ་གར་གྱི་གནད་དོན་མི་སྣ་གཙོ་བོར་གྱུར་པའི་རྒྱ་གར་རྒྱལ་ཡོངས་ནས་ཚོགས་བཅར་བ་གྲངས་ ༣༥༠ ལྷན་ཞུགས་གནང་ཡོད་པ་དང་། སྐབས་དེར་འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས་དང་འབྲེལ་ཡོད་ལས་བྱེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་དང་ཚོགས་གཞོན་ཚེ་རིང་ཆོས་འཕེལ་ལགས། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས་བཅས་ཀྱང་མཉམ་ཞུགས་གནང་ཡོད་པ་བཅས།།