༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༡༧ ཉིན་སྦེལ་ཇམ་གྱི་རྒྱལ་ས་སྦར་སེལ་ནང་དུ་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་གནད་དོན་ཐོག་གྲོས་མོལ་ཐེངས་ ༣༨ ཚོགས་ཡོད་ཅིང་། སྐབས་དེར་ཡུ་རོབ་མཐུན་ཚོགས་ཀྱིས། རྒྱ་ནག་གཞུང་གིས་ཉེས་མེད་འཛིན་བཟུང་བཀག་ཉར་འོག་གར་སོང་ཆ་མེད་དུ་གྱུར་བ་དང་། སྡུག་སྦྱོང་མནར་གཅོད་གཏོང་བཞིན་པའི་བོད་མི་དང་ཡུ་གུར་མི་རིགས་སོགས་ཀྱི་སྐོར་གླེང་སློང་ཤུགས་ཆེ་གནང་ཡོད།
དེ་ཡང་ཡུ་རོབ་མཐུན་ཚོགས་ནས་བོད་དང་། ཡུ་གུར་གཙོ་བོ་གྱུར་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་ཐོབ་ཐང་དང་ཆོས་དད་རང་མོས་སོགས་ཀྱི་སྐོར་གླེང་སློང་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་། གྲྭ་རིན་ཆེན་ཚུལ་ཁྲིམས་ལགས། བཀྲ་ཤིས་རྡོ་རྗེ་ལགས་ཀྱིས་གཙོས་བོད་མི་ལས་འགུལ་བ་དང་། རྩོམ་པ་པོ། ཆོས་ཕྱོགས་ཀྱི་དབུ་ཁྲིད་བཅས་གང་མགྱོགས་ཀློད་གྲོལ་གཏོང་དགོས་པའི་རེ་སྐུལ་ཡང་གནང་འདུག་ལ། དེ་བཞིན་ཧོང་ཀོང་དང་ནང་སོག བོད་དང་ཤར་ཏུར་ཀི་སི་ཐན་སོགས་ཀྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་ཁྲིམས་རྩོད་པ། གསར་འགོད་པ་སོགས་ཀྱི་གནས་སྟངས་སྐོར་ཡང་གླེང་སློང་ཤུགས་ཆེ་གནང་ཡོད། གླེང་མོལ་གྲུབ་རྗེས་ཡུ་རོབ་མཐུན་ཚོགས་ཀྱིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོང་ཐང་སྐོར་གྱི་གྲོས་མོལ་དེ་བསྐྱར་འཛུགས་སླད་མོས་མཐུན་བྱུང་ཡོད་སྐོར་བརྗོད་འདུག
སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་ལ་བོད་མི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་རེ་འདུན་ཤུགས་ཆེ་བཏོན་པར་དགའ་བསུ་ཞུས་གནང་ཡོད།
ཐེངས་འདིའི་ལྷན་ཚོགས་སུ་ཡུ་རོབ་མཐུན་ཚོགས་ཀྱི་ཕྱི་སྲིད་ལས་ཁུངས་ཀྱི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ལས་དོན་ཚན་པའི་འགན་འཛིན་གཞོན་པ་པོ་ལ་པམ་པ་ལོ་ནི་ (Paola Pampaloni) ལགས་དང་། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་འབྲེལ་ཡོད་མི་སྣ་སུན་ལི་ (Sun Lei) བཅས་མཉམ་ཞུགས་བྱས་ཡོད།
ཕྱི་ལོ་ ༢༠༡༩ ལོར་ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་གཞུང་གི་འབྲེལ་ཡོད་མི་སྣས་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་སྟབས་དཔལ་འབྱོར་གྱི་དམ་བསྒྲགས་བཀའ་ཆད་བཅད་པ་དང་། དེ་བཞིན་རྒྱ་ནག་གཞུང་གིས་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་དང་མི་སྒེར་པ་སོགས་ལ་འཁོན་ལན་བསློགས་ཏེ་དཔལ་འབྱོར་གྱི་དམ་བསྒྲགས་བཀའ་ཆད་བཅད་ཡོད། དེ་ལ་བརྟེན་ནས་ད་བར་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གཞུང་གི་དབར་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མོལ་མཚམས་འཇོག་བྱས་ཡོད།།