༄༅། །མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གཞུང་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཐོབ་ཐང་གི་ཚོགས་ཆུང་ངོས་ནས་ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༡༥ ནས་ ༡༦ བར་ཉིན་གྲངས་གཉིས་རིང་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་གན་རྒྱ་ལག་བསྟར་བྱས་ཡོད་མེད་སྐོར་བསྐྱར་ཞིབ་གནང་ཡོད།
དེ་ཡང་རྒྱལ་ཚོགས་ཀྱི་ཚོགས་ཆུང་གི་ཚོགས་གཙོ་མོཧ་མཏ་ཨེ་ཛེལ་དིན་ (Mohamed Ezzeldin Abdel-Moneim) ལགས་ཀྱི་གཙོ་སྐྱོང་འོག་མ་ཡི་ཀེལ་ (Michael Windfuhr) ལགས་དང་། ལུ་ཌོ་ཝིག་ཧེན་ནེ་སྦེལ་ (Ludovic Hennebel) ལགས། པི་རེ་ཊི་སཱ་རན་ (Preeti Saran) ལགས། ཨ་སི་ར་ཧྥི་ཨ་ལེ་ (Asraf Ally Caunhye) ལགས་བཅས་ཀྱིས་རྒྱ་ནག་གཞུང་ནས་བཙན་དབང་གིས་མི་རིགས་གཅིག་གི་སྲིད་བྱུས་ལག་བསྟར་བྱས་ཏེ་བོད་དང་། ཡུ་གུར། ལྷོ་སོག ཧོང་ཀོང་། མ་ཁའོ། རྒྱ་ནག་སྐམ་ས་ཆེན་པོ་བཅས་ཀྱི་ནང་གི་འགྲོ་བ་མིའི་ཐོབ་ཐང་རྣམས་རྩིས་མེད་རྡོག་རོལ་བཏང་སྟེ་རྒྱ་ནག་ཅན་དུ་སྒྱུར་བཞིན་པའི་ཐད་རྒྱ་ནག་གཞུང་ལ་འདྲི་རྩད་ཤུགས་ཆེ་གནང་ཡོད། སྐབས་དེར་རྒྱ་ནག་གཞུང་གི་ཕྱོགས་ནས་རྒྱལ་ཚོགས་ཀྱི་གཞུང་ཚབ་ཆེན་མོ་ཁྲིན་ཤུ་ (Chen Xu) ཡིས་སྣེ་ཁྲིད་དེ་སྐུ་ཚབ་གྲངས་ ༣༩ དང་། སུད་སིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་ཚོགས་པ་ཁག་གི་སྐུ་ཚབ་སོགས་མཉམ་ཞུགས་བྱས་ཡོད།
རྒྱལ་ཚོགས་ཀྱི་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས། རྒྱ་ནག་གཞུང་གིས་བཙན་དབང་གིས་བོད་མི་དང་། ཡུ་གུར། ལྷོ་སོག་སོགས་ཀྱི་ཐོག་མི་རིགས་གཅིག་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་སྒྲིག་ཁག་ལ་རྩིས་མེད་བཏང་བ་ཞིག་ཡིན་སྐོར་གསུངས་ཡོད། གཞན་ཡང་རྒྱལ་ཚོགས་ཀྱི་ཚོགས་ཆུང་གི་ཚོགས་མི་རྣམས་ཀྱིས། རྒྱ་ནག་གཞུང་གིས་བོད་མི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་པ་རྣམས་ལ་མནར་སྤྱོད་བཏང་བ་དང་། བཙན་དབང་གིས་བོད་ཀྱི་འབྲོག་པ་རྣམས་གནས་སྤོ་བཅུག་པ། ཆུ་མཛོད་ཆེན་པོ་བརྒྱབ་པ། ངལ་རྩོལ་བྱེད་དུ་བཅུག་པ། ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བ། བོད་པའི་ཕྲུ་གུ་ས་ཡ་གཅིག་ཙམ་མི་སེར་སྤེལ་ཡུལ་གྱི་སློབ་གྲྭ་ཁག་ཏུ་བཏང་བ། དགོན་སྡེ་ཁག་གཏོར་བཤིག་བཏང་བ། གནས་སྐོར་བྱེད་དུ་འཇུག་གི་མེད་པ་སོགས་ཀྱི་སྐོར་འདྲི་རྩད་གནང་ཡོད་ཅིང་། རྒྱ་ནག་གཞུང་གིས་འདོད་བློ་ཁེངས་པའི་ལན་འདེབས་གཅིག་ཀྱང་བྱས་ཐུབ་མེད་པ་རེད།
བསྐྱར་ཞིབ་ཚོགས་འདུར་སུད་སི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། མཉམ་འབྲེལ་བོད་དོན་ཞུ་གཏུག་ཚོགས་པ་བཅས་ཀྱི་སྐུ་ཚབ་བཅས་མཉམ་ཞུགས་གནང་ཡོད། རྒྱལ་ཚོགས་ཀྱི་ཚོགས་ཆུང་གི་ངོས་ནས་རྒྱ་ནག་གཞུང་ལ་བོད་ཀྱི་གནད་དོན་གལ་ཆེ་ཁག་གི་སྐོར་འདྲི་རྩད་གནང་བར་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས་རྒྱལ་ཚོགས་ཀྱི་ཚོགས་ཆུང་གི་ཚོགས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་བཅས།།