༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༢༥ ཉིན་བེལ་ཇི་ཡམ་གྱི་གྲོང་ཁྱེར་ཨེན་བཔ་ (Antwerp) ནང་སྦེལ་ཇམ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་བོད་རྒྱལ་ལོ་ ༢༡༥༠ རབ་གནས་ཆུ་ཡོས་ལོའི་གནམ་ལོའི་རང་ཞལ་གསར་དུ་བཞད་པའི་དགའ་སྟོན་གྱི་མཛད་སྒོ་ཞིག་ཚོགས་ཡོད་པ་དང་། མཛད་སྒོའི་སྐུ་མགྲོན་དུ་བེལ་ཇི་ཡམ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་དང་། མེ་ཏོག་རིན་པོ་ཆེ། དགེ་བཤེས་ཚེ་བརྟན་ལགས། བོད་རིགས་ཚོགས་པའི་ཚོགས་གཙོ། ས་གནས་གཞོན་ནུའི་ཚོགས་གཙོ་བཅས་ཕེབས་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཟའ་མཇུག་སློབ་གྲྭའི་སློབ་ཕྲུག་རྣམས་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་གྲུབ་མཚམས་བོད་དང་བོད་མིའི་རྩ་དོན་ཆེད་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གནང་བའི་རྒྱལ་གཅེས་པ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་། མྱ་ངན་གུས་འདུད་སླད་ངག་བཅད་སྐར་མ་གཅིག་རིང་ཞུས་ཡོད།དེ་རྗེས་སྐུ་མགྲོན་གཙོ་བོ་བེལ་ཇི་ཡམ་སྐུ་ཚབ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ཀྱིས་ལོ་གསར་ལ་འཚམས་འདྲི་དང་འབྲེལ་ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་ཡུན་རིང་འཚོ་བཞུགས་གནང་རྒྱུའི་ཞལ་བཞེས་གནང་བ་ནི་བོད་མི་རྣམས་ལ་ཧ་ཅང་གི་གཏམ་བཟང་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད། མཐར་བེལ་ཇི་ཡམ་ཤེས་རབ་སྣང་བྱེད་སློབ་གྲྭའི་སློབ་ཕྲུག་རྣམས་ནས་གཞས་སྣ་འཁྲབ་སྟོན་དང་། བོད་མི་རྣམས་ནས་སྒོར་གཞས་འཁྲབ་སྟོན་ཞུས་ཏེ་མཛད་སྒོ་ལེགས་པར་མཇུག་སྒྲིལ་ཡོད་པ་བཅས། །