༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༢ ཚེས་ ༠༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་སུ་ཆགས་པའི་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དབུ་བརྙེས་ནས་ལོ་ངོ་གཅིག་འཁོར་བའི་དུས་དྲན་སྲུང་བརྩི་དང་འབྲེལ་འགྲེམས་སྟོན་ཁང་གི་སྒྲ་འཇུག་སྣེ་ཤན་དང་དྲྭ་ཚིགས་བཟོ་བཀོད་གནང་བ་བཅས་དབུ་འབྱེད་གནང་ཡོད་པ་རེད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་སུ་ཆགས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གཙོས་ཕྱི་དྲིལ་དྲུང་ཚབ་བསྟན་འཛིན་ལེགས་བཤད་ལགས་དང་། ཕྱི་དྲིལ་དྲུང་འཕར་རྣམ་རྒྱལ་ཚེ་དབང་ལགས། ཕྱི་དྲིལ་འཛིན་སྐྱོང་འགན་འཛིན་དྲུང་འཕར་བཀྲ་ཤིས་ཕུན་ཚོགས་ལགས། བོད་ཀྱི་འགྲེམ་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས། དེ་བཞིན་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། གསར་འགོད་པ་སོགས་ལྷན་འཛོམས་ཐོག་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དབུ་བརྙེས་ཏེ་ལོ་གཅིག་འཁོར་བའི་དུས་དྲན་སྲུང་བརྩིའི་མཛད་སྒོ་ཞིག་ཚོགས་ཡོད། མཛད་སྒོའི་ཐོག་མར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་སྒྲ་འཇུག་སྣེ་ཤན་དབུ་འབྱེད་དང་། ཕྱི་དྲིལ་དྲུང་ཚབ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་དྲྭ་ཚིགས་བཟོ་བཀོད་དབུ་འབྱེད་གནང་རྗེས་ཕྱི་དྲིལ་དྲུང་ཚབ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་བོད་ཀྱི་འགྲེམས་སྟོན་ཁང་གིས་དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་གཟིགས་སྐོར་བའི་བདེ་ཐབས་ཆེད་དེང་རབས་ཀྱི་སྒྲ་འཇུག་སྣེ་ཤན་གྱི་མཐུན་རྐྱེན་སྐྲུན་པར་བསྔགས་བརྗོད་དང་ཐུགས་རྗེ་ལེགས་འབུལ་ཞུས་སོང་བ་དང་། དེ་ནས་བོད་ཀྱི་འགྲེམས་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས་སྒྲ་འཇུག་སྣེ་ཤན་དང་དྲྭ་ཚིགས་བཟོ་བཀོད་བྱེད་དགོས་པའི་དམིགས་ཡུལ་དང་བརྒྱུད་རིམ་སོགས་འགྲེལ་བརྗོད་གནང་སོང་།
ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་དུས་དྲན་དེ་དང་འབྲེལ་ཏེ་བོད་ཀྱི་འགྲེམས་སྟོན་ཁང་གི་འགོ་ལས་ཡོངས་ལ་བསྔགས་བརྗོད་དང་སྦྲགས། བོད་ཀྱི་ལོ་རྒྱུས་དང་། རིག་གཞུང་། ཉིན་རེའི་གོམས་སྲོལ་སོགས་སྤྱི་ཚོགས་ཁྲོད་ངོ་སྤྲོད་བྱེད་པར་འགྲེམས་སྟོན་ཁང་ནི་ཤེས་ཡོན་གྱི་བསྟི་གནས་གལ་ཆེ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་ཆོས་དང་རིག་གཞུང་རྩ་མེད་བཟོ་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐབས་སུ་བོད་ཀྱི་ལོ་རྒྱུས་དང་། རིག་གཞུང་གོམས་སྲོལ་གཅེས་ཉར་དང་དྲིལ་བསྒྲགས་ཆེད་འདི་ལྟ་བུའི་འགྲེམས་སྟོན་ཁང་ཞིག་དགོས་ངེས་ཅན་ཡིན་པ་གསུངས།
དེ་བཞིན་བཀའ་བློན་མཆོག་གིས་རྒྱ་གཞུང་ནས་བོད་ཕྲུག་ས་ཡ་གཅིག་ལྷག་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ཏུ་བཙན་པོས་བཏང་སྟེ་བོད་ཀྱི་རིག་གཞུང་རྒྱ་ནག་ཅན་དུ་སིམ་ཡལ་གཏོང་ཐབས་རྩོམ་བཞིན་ཡོད་པ་དང་། ཛ་དྲག་གནད་དོན་དེའི་ཆེད་ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཆེད་མཁས་པ་བཞི་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་ཅེས་གསུངས།
དེ་བཞིན་ཁོང་མོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་རྒྱ་གཞུང་གི་ཆ་རྐྱེན་དང་དམ་བསྒྲགས་ཅི་ཡང་མེད་པའི་ཐོག་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་བྱེད་མི་གཏོང་དགོས་པའི་རེ་སྐུལ་ཞུས་གནང་ཡོད། མཛད་སྒོ་གྲུབ་མཚམས་སྐུ་མགྲོན་གཙོ་བོ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། དྲུང་ཚབ་བསྟན་འཛིན་ལེགས་བཤད་ལགས་རྣམ་གཉིས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་གི་སྒྲ་འཇུག་སྣེ་ཤན་དང་བཅས་གཟིགས་སྐོར་དུ་ཕེབས་ཡོད། བོད་སྐད་དང་། ཨིན་སྐད། ཧིན་སྐད། ཨི་ཊ་ལིའི་སྐད། རྒྱ་སྐད་བཅས་སྐད་ཡིག་ལྔ་ཅན་གྱི་སྒྲ་འཇུག་སྣེ་ཤན་དེ་བཞིན་འཛམ་གླིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་གཟིགས་སྐོར་བ་རྣམས་ཀྱི་བདེ་ཐབས་སླད་བོད་ཀྱི་འགྲེམས་སྟོན་ཁང་ནས་དངོས་སུ་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། ལས་གཞི་དེ་ནི་བཀའ་ཤག་སྐབས་བཅུ་དྲུག་པའི་དྲྭ་ཐོག་འཛིན་སྐྱོང་ལས་འཆར་གྱི་ཆ་ཤས་ཤིག་ཀྱང་ཡིན་པ་བཅས།།