༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢༣ ནས་ཟླ་ ༢ ཚེས་ ༢ བར་ཉིན་གྲངས་ ༡༠ རིང་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་སུ་གཞུང་འབྲེལ་ཆེད་ཕེབས་ཀྱིས་བར་ལམ་རྒྱ་གར་དབུས་གཞུང་གི་བཀོད་བྱུས་འོག་ཆ་ཏྟཱིས་གར་མངའ་གཞུང་ནས་གཏེར་རྡོ་ (Bauxite) སྔོག་འདོན་ལས་འཆར་འོག་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་ཀྱི་ས་ཆའང་འཁེལ་གྱི་ཡོད་པའི་གནད་དོན་ཐད་རྟོག་ཞིབ་དང་། གཞན་ས་ཁང་དང་ས་ཞིབ། དེ་བཞིན་ལས་གཞི་ཁག་ཅིག་ཞིབ་འཇུག་གི་གནད་དོན་བཅས་ཀྱི་ཆེད་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་ལས་རིམ་ལེགས་གྲུབ་བྱུང་ཡོད།
དེ་ཡང་ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ཀྱིས་མན་སྤར་ཕན་བདེ་གླིང་ས་གནས་ཀྱི་གནད་ཡོད་མི་སྣའི་ཁོངས་ས་འཐུས་དང་། ས་ཁང་ཚོགས་ཆུང་། མཉམ་འབྲེལ་འཐུས་མི། གཞིས་གྲོང་བདུན་གྱི་བརྒྱ་དཔོན་བཅས་ཀྱི་ལྷན་བཞུགས་མོལ་ཚོགས་འདུ་ཞིག་བསྡུ་བསྐོང་གིས་གཏེར་རྡོ་སྔོག་འདོན་གྱི་ལས་དོན་ཁག་ལ་རྒྱུས་ལོན་དང་། དཔལ་ལྡན་བཀའ་ཤག་སྐབས་ ༡༦ པའི་སྲིད་བྱུས་དང་དགོངས་གཞི་གཙོ་བོ་ཐོག བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་སོང་བའི་ཐོག་ངོ་སྤྲོད་རྒྱུས་སྟོན། དེ་བཞིན་རྒྱ་གར་དབུས་གཞུང་གིས་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ ༢༠༡༤ ཐོག་ངོ་སྤྲོད་རྒྱུས་སྟོན་བཅས་འཐུས་ཚང་ཞུས། དེ་ནས་གཏེར་རྡོ་སྔོག་འདོན་བྱ་ཡུལ་འཁེལ་བའི་བོད་མིའི་གཞིས་ས་ཁག་ལ་ཆེད་བསྐྱོད་ཀྱིས་རྟོག་ཞིབ་དང་འབྲེལ་གཞིས་གྲོང་གི་བརྒྱ་དཔོན་དང་བརྒྱ་ཚབ་སོ་སོའི་ལྷན་གོ་བསྡུར་རྒྱུས་ལོན་ཞུས།དེ་བཞིན་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ཀྱིས་མན་སྤར་ཕན་བདེ་གླིང་བོད་མིའི་གཞིས་ཆགས་སུ་གཏེར་རྡོ་སྔོག་འདོན་འགོག་ཐབས་གཙོ་བོ་དང་། གཞན་གནད་དོན་ཁག་ཅིག་གི་ཐོག་ཞུ་གཏུགས་ཆེད་ཨམ་བི་ཀཱ་པུར་ (Ambikapur) དུ་ས་གནས་ཀྱི་རྫོང་དཔོན་ལས་འཕར་ཨམ་རིཏ་ལཱལ་ (Shri Amrit Lal Dhruv, ADM) མཆོག་གི་གཙོས། སྐོར་སྲུང་སྤྱི་ཁྱབ་བྷབ་ནཱ་གྷུཔ་ཏཱ་ (Smt. Bhavna Gupta, SP) མཆོག (CEO Gram Panchayat, Surguja Distt) གི་སྐུ་ཞབས་ཝིཤ་ཝ་ཌིཔ་ (Vishwadeep) མཆོག དེ་བཞིན་ (Chhattisgarh Mineral Development Corporation) གྱི་འབྲེལ་ཡོད་སྐུ་ཞབས་ (Parth Basu, Regional Officer) ལགས་དང་ཁོང་གི་ལས་རོགས་བཅས་ལ་ཆེད་བཅར་གྱིས་གཏེར་རྡོ་སྔོག་འདོན་འགོག་ཐབས་གཙོས་པའི་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ཁག་གི་ཐོག་མཐུན་འགྱུར་ཡོང་བའི་ཞུ་སྐུལ་དང་གོ་བསྡུར་ལྷུག་པོ་ཞུ་ཐུབ་པ་བྱུང་ཡོད།
དེ་ནས་གཞིས་གྲོང་གསུམ་པ་ (Kamleshwarpur) གྲོང་གསེབ་ཀྱི་འགོ་དཔོན་ (Sarpanch) སྐུ་ཞབས་པཱུ་རན་ (Mr. Puran) མཆོག་གཞིས་ཆགས་སུ་ཆེད་ཕེབས་ཀྱིས་གཏེར་རྡོ་སྔོག་འདོན་བྱ་ཡུལ་གྱི་ས་ཆ་དང་། གྲོང་གསེབ་ཀྱི་ཁོངས་ས་ཆའི་རྒྱ་ཁྱོན་ཇི་ཡོད། ཁྱོན་གཏེར་རྡོ་སྔོན་འདོན་གྱི་ས་ཁྲའི་ཐོག་རྒྱ་ཁྱོན་དཔེ་རིས་བཅས་ཀྱི་ཐོག་གོ་བསྡུར་དང་གཏེར་རྡོ་སྔོག་འདོན་གྱི་ལས་གཞི་འགོག་ཐབས་ཀྱི་ཐབས་བྱུས་དང་ལམ་སྟོན་སོགས་ཀྱི་ཐད་གོ་བསྡུར་ལྷུག་པོ་ཞུས།དེ་བཞིན་ (Sitapur) རྫོང་ཁོངས་ཀྱི་ (SDM) སྐུ་ཞབས་ (Ravi Rahi) མཆོག་དང་། ཁྱབ་ཁོངས་ (block) ཀྱི་ (Tehsildar) སྐུ་ཞབས་ (Shiv Narayan Rahia) མཆོག་བཅས་རྣམ་གཉིས་གཞིས་ཆགས་སུ་ཆེད་ཕེབས་ཀྱིས་ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་དང་ལྷན་མཇལ་འཕྲད་སྐབས་གཏེར་རྡོ་སྔོག་འདོན་གྱི་རྐྱེན་པས་མན་སྤར་གྱི་འབྱུང་བའི་ཁོར་ཡུག་ཡོངས་ལ་ཉེན་ཚབས་ཤུགས་ཆེར་འགྲོ་ཉེན་སྤྱི་དང་། བྱེད་བྲག་ཏུ་མན་སྤར་གཞིས་ཆགས་གནས་སྡོད་བོད་མིར་གནོད་ཚེ་ཡོང་ཉེན་ཡོད་པར་བརྟེན་ལྷ་རབ་བྱུང་ན་གཏེར་རྡོ་སྔོག་འདོན་མི་དགོས་པའི་སྐོར་གོ་བསྡུར་ཞུ་སྐུལ་ཤུགས་ཆེ་ཞུས་ཡོད།
དེ་ཡང་མན་སྤར་ཕན་བདེ་གླིང་ས་གནས་ཀྱི་ཁྱབ་འོག་སྒྲིག་འཛུགས་ཁག་གི་ཁོངས་དགོན་སྡེ་ཁག་བཞི་དང་། རྒས་གསོ་ཁང་། འཕྲོད་བསྟེན་སྨན་ཁང་། ཡན་ལག་སྨན་རྩིས་ཁང་། སཾ་བྷོ་ཊ་ཉིན་སློབ། ས་གནས་ཀྱི་མིག་སྟོན་འདེབས་ཞིང་ས། (Demo farm) དེ་བཞིན་མཉམ་འབྲེལ་ལས་ཁུངས་བཅས་སུ་འཚམས་གཟིགས་ཞུས། དྲུང་འཕར་བསྟན་འཛིན་ནོར་བུ་ལགས་ཀྱི་ལྷན་དུ་ནང་སྲིད་ལས་ཁུངས་ཀྱི་དྲུང་གཞོན་དངོས་གྲུབ་འོད་ཟེར་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།