༄༅། །ཕྱིི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཝན་ཁོ་ཝར་སྦི་སིར་ཕེབས་འབྱོར་གནང་ཞིང་། ཕྱི་དྲོ་ (Royal Banquet Hall, Edmonds St, Burnaby) ཞེས་པའི་ཚོགས་ཁང་དུ་མང་ཚོགས་དང་ཐུག་འཕྲད་ཀྱིས་གསུང་བཤད་གནང་སླད་ཕེབས་འབྱོར་སྐབས་སྦི་སི་བོད་རིགས་རིག་གཞུང་ཚོགས་པའི་ཚོགས་གཞོན་དང་རྒྱུན་ལས། མང་ཚོགས་བཅས་ནས་དགའ་བསུའི་སྣེ་ལེན་ཞུས་ཡོད།དེ་ཡང་མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་ས་གནས་བོད་རིགས་ཚོགས་པའི་ཚོགས་གཞོན་གྱིས་དགའ་བསུའི་གསུང་བཤད་དང་ལས་བསྡོམས་སྙིང་བསྡུས་སྙན་སྒྲོན་ཞུས་གྲུབ་མཚམས་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་སྒྲུབ་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་གི་ཐེངས་འདིའི་བྱང་ཨ་རིའི་ཁུལ་གྱི་གྲུབ་ཟིན་པའི་མཛད་རིམ་ཁག་གཅིག་དང་། རྒྱལ་ས་ཝ་ཤིང་ཊོན་ཌི་སི་རུ་གནད་ཡོད་མི་སྣ་མཇལ་འཕྲད་ཀྱིས་གནས་ཚུལ་ཁག་གཅིག་ངོ་སྤྲོད་སྙིང་བསྡུས་དང་། གཞན་ཡང་བྱང་ཨ་རི་སྐུ་ཚབ་དོན་ཁང་གི་འདས་པའི་ལོ་གཅིག་ནང་ལས་དོན་ཇི་བྱས་སྙིང་བསྡུས་ཤིག་གསུངས་གྲུབ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་དང་འབྲེལ་མང་ཚོགས་ལ་གསུང་བཤད་གནང་ཡོད་པ་མ་ཟད། ལྷག་པར་གཞོན་སྐྱེས་ལ་དམིགས་ཏེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཡུལ་ལྗོངས་དང་། ས་བབ་ཆགས་ཚུལ། བོད་ཀྱི་གཙང་ཆུ་ལྷོ་ཨེ་ཤི་ཡ་ཁུལ་ལ་གལ་གནད་ཆེ་སྐོར། སོ་སོའི་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་རྒྱལ་རབས་ལ་དོ་སྣང་དང་ཤེས་རྟོགས་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ། རྒྱ་ནག་གཞུང་ནས་བོད་ནང་དྲག་གནོན་ཅན་གྱི་སྲིད་བྱུས་འདྲ་མིན་ལག་བསྟར་བྱེད་བཞིན་པའི་ཛ་དྲག་གནས་སྟངས་དང་། བོད་མི་རིགས་དང་སྐད་ཡིག་རྩ་མེད་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་སྐོར། དེ་བཞིན་བར་ལམ་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཁྲིམས་འཆར་གསར་པ་ངོ་སྤྲོད་གནང་ཟིན་པ་ལྟར། ཁྲིམས་འཆར་དེ་གཏན་འབེབས་ཡོང་སླད་འབད་བརྩོད་གནང་བཞིན་པ་དང་། གཞོན་སྐྱེས་རྣམས་ནས་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནང་མཉམ་ཞུགས་གནང་གལ་སྐོར།བཀའ་ཤག་སྐབས་ ༡༦ ནས་ཆབ་སྲིད་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་དང་ལས་དོན་ཇི་བྱས། གཞན་ཡང་གཞིས་ཆགས་སྲ་བརྟན་དང་། བོད་ནས་ཕེབས་པའི་རང་རིགས་སྡོད་ཁང་མེད་པ་མི་ཉུང་བ་ཞིག་ལ་སྡོད་ཁང་གི་མཐུན་འགྱུར་སྦྱར་རྒྱུའི་ལས་འཆར། མི་འབོར་གྲངས་བཤེར་བྱེད་རྒྱུ་གལ་ཆེན་ཡིན་པ། ཕྱོགས་མཚུངས་རང་རིགས་རྣམས་ནས་དཔྱ་དངུལ་འབུལ་རྒྱུ་གལ་ཆེན་པོ་ཡིན་སྐོར། ས་ཁང་སྒྲིག་གཞི་བསྐྱར་བཅོས་ཟིན་པ་སོགས་ཀྱི་སྐོར་འགྲེལ་བརྗོད་དང་གསལ་བཤད་གནང་། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་རིགས་རྣམས་ལ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་པ་དང་། བོད་མི་ནང་ཁུལ་འཆམ་མཐུན་དང་རྡོག་རྩ་ཆིག་སྒྲིལ་དགོས་གལ་སོགས་ཀྱི་གསུང་བཤད་གནང་རྗེས་མང་ཚོགས་ནས་དོགས་འདྲི་གནང་བ་ཁག་ལ་ལན་འདེབས་དང་གསལ་བཤད་གནང་གྲུབ་མཚམས་ས་གནས་གཞོན་སྐྱེས་དང་སློབ་ཕྲུག་རྣམས་ནས་གཞས་སྣ་གཟིགས་འབུལ་ཞུས་ཡོད།
གཞན་ཡང་ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༡༥ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཝན་ཁོ་ཝར་སྦི་སི་ནས་ཝིཀ་ཊོ་རི་ཡ་གླིང་ཕྲན་དུ་ཕེབས་ཐོན་གྱིས་ཉིན་གུང་ས་གནས་སུ་ཕེབས་འབྱོར་གྱིས་ཐོག་མར་སྦི་རི་ཊིཤ་ཀོ་ལེམ་སྦི་ཡ་ (Birtish Columbia) མངའ་སྡེའི་གྲོས་ཚོགས་སུ་གཟིགས་སྐོར་གནང་རྒྱུའི་མཛད་རིམ་ལྟར་གྲོས་ཚོགས་ཚོགས་ཁང་དུ་ཕེབས་འབྱོར་སྐབས་ཤེས་རིག་བཀའ་ཟུར་འབུམ་རམས་པ་པདྨ་དབྱངས་ཅན་མཆོག་དང་། ས་གནས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས། བོད་དོན་རྒྱབ་སྐྱོར་གནང་མཁན་ཕྱི་རྒྱལ་བ་ཁག་གཅིག རང་རིགས་མང་ཚོགས་ཁག་གཅིག་བཅས་ནས་དགའ་བསུའི་སྣེ་ལེན་ཞུས་ཡོད་པ་དང་། དེ་རྗེས་མངའ་སྡེའི་གྲོས་ཚོགས་སུ་གཟིགས་སྐོར་ལ་ཕེབས་གནང་བ་དང་། ཕྱི་དྲོ་མང་ཚོགས་ལ་གོང་གསལ་ལྟར་བཀའ་ཤག་སྐབས་བཅུ་དྲུག་པའི་སྲིད་བྱུས་དང་ལངས་ཕྱོགས་སྐོར་ངོ་སྤྲོད། བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་སོགས་ཀྱི་སྐོར་གསུང་བཤད་སྙིང་བསྡུས་ཤིག་གནང་ཡོད། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་ནང་ཁེ་ན་ཌ་ནས་ཡིན་པ་བུད་མེད་སུ་སེན་ར་ཡེན་ཧུརཊ་ལགས་ཐོག་མར་འབྱོར་ཚུལ་དང་། བོད་མི་ཁེ་ན་ཌར་ཐོག་མར་འབྱོར་ཚུལ། དེ་བཞིན་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་ནང་མཉམ་ཞུགས་གནང་གལ་སྐོར། ཉེ་སྔོན་དཔལ་ལྡན་སྲིད་སྐྱོང་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་འཚམས་གཟིགས་ཕེབས་པ་དང་། ས་གནས་ཀྱི་གནས་སྟངས་རྒྱུས་ལོན་ཇི་བྱུང་། དཀའ་ངལ་ཇི་ཡོད་སོགས་རྟོགས་ཞིབ་གནང་པའི་གནས་སྟངས་འགྲེལ་བརྗོད་དང་འབྲེལ་དཀའ་ངལ་མང་ཆེ་བ་འཆར་ལོའི་ནང་སེལ་ཐུབ་པ་གནང་རྒྱུ་ཡིན་ལུགས་སོགས་གསུང་གནང་ཡོད་པ་བཅས།།
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཝན་ཁོ་བར་སྦི་སི་དང་། ཝིཀ་ཊོ་རི་ཡ་གླིང་ཕྲན་གྱི་མང་ཚོགས་ལ་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།