༄༅། །བོད་རྒྱལ་ལོ་ ༢༡༥༠ རབ་གནས་ཆུ་ཡོས་ལོའི་གནམ་ལོ་གསར་དུ་བཞེད་པའི་དགའ་སྟོན་གྱི་རྟེན་འབྲེལ་ལ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ལ་འཚམས་འདྲི་གནང་དོན། རབ་གནས་ཆུ་ཡོས་ལོའི་གནམ་ལོ་གསར་དུ་བཞེད་པའི་རྟེན་འབྱུང་དགའ་སྟོན་ལ་བོད་གཞིས་བྱེས་གཉིས་དང་། བོད་ཀྱི་གྲོགས་པོ་གྲོགས་མོ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
ལོ་གསར་པ་འདིའི་ནང་ཚང་མ་ནད་མེད་ཚེ་རིང་དང་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོང་བར་ཤོག་ཅེས་སྨོན་འདུན་ཞུས་པ་དང་ཆབས་ཅིག་ཚིག་ཁ་ཤས་ཞུ་རྒྱུར། ད་ལྟའི་དུས་སྐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སོགས་གང་ཅིའི་ཐོག་ནས་ལས་དོན་ཐམས་ཅད་གང་ལེགས་འགྲུབ་འགྲོ་བཞིན་ཡོད་པ་རེད། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བོད་ནང་གི་གནས་སྟངས་ཐོག་བལྟས་པ་ཡིན་ན། ང་ཚོས་སེམས་འཚབ་སྐྱེ་དགོས་པའི་གནས་སྟངས་ཆགས་ཡོད། དེ་འདྲའི་དུས་ཚོད་ལ་ང་ཚོ་བོད་རིགས་སྤུན་ཟླ་ཚང་མས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས་དེ་དག་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སོར་ཆུད་ཡོང་ཐོབ་རྒྱུ་དང་། ལྷག་པར་བོད་ཀྱི་འཐབ་རྩོད་དང་བོད་ཆོལ་གསུམ་གཅིག་སྒྲིལ་གྱི་ནུས་པ་དེ་མི་ཉམས་པའི་ཐོག་ནས་རྒྱུན་འཛིན་བྱེད་ཐུབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་གང་ཙམ་ཕེབས་ཡོད། ཉེ་ཆར་གནས་མཆོག་རྡོ་རྗེ་གདན་དུ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཆོས་བརྒྱུད་དང་། དེ་བཞིན་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཞལ་གསུང་དྲོད་མོ་ནས་སྐུ་ཚེ་ཡུན་རིང་པོ་འཚོ་བཞུགས་གནང་རྒྱུའི་ཞལ་བཞེས་གནང་སོང་། དེར་བརྟེན་དེ་དག་ནི་ང་ཚོར་ཧ་ཅང་སྐལ་པ་བཟང་པོ་ཆགས་ཡོད། དེ་དང་མཐུན་པའི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་། དེ་བཞིན་བཀའ་སློབ་གང་ཕེབས་པ་ཡིན་ནའང་དེ་ལ་ང་ཚོ་ཤར་བསྐྱོད་དང་ཉམས་ལེན་ལག་བསྟར་ཞུ་ཐུབ་དགོས་རྒྱུ་ནི་བོད་མི་སྤྱི་ཡོངས་ཀྱི་ལས་འགན་ལྟ་བུ་ཆགས་ཡོད། ཕྱོགས་མཚུངས་བོད་ནང་གི་བོད་མིའི་གནས་སྟངས་ཐོག་ལ་བསམ་བློ་བཏང་བ་ཡིན་ནའང་སྤྱི་ཡོངས་ནས་རྒྱ་ནག་གི་ཆབ་སྲིད་གནས་སྟངས་འགྱུར་འགྲོས་ཆེན་པོ་འགྲོ་བཞིན་ཡོད། འོན་ཀྱང་བོད་ནང་ཆོད་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་། ཁོར་ཡུག་གི་གནས་སྟངས་སོགས་ལ་བལྟས་ཡོང་དུས་ཉིན་རེ་བཞིན་སྡུག་ཏུ་འགྲོ་བའི་རྣམ་པ་དེ་འདྲ་མཐོང་གི་ཡོད་པ་རེད། རྒྱལ་སྤྱིའི་ནང་སྙན་ཐོ་དེ་འདྲ་འདོན་ཡོང་གི་ཡོད། ང་ཚོས་དེ་འདྲའི་ཐོག་ལ་དུས་རྒྱུན་དུ་ཐུགས་སྣང་གནང་སྟེ་བོད་དོན་ཐོག་ཚང་མས་ནུས་པ་གཅིག་སྒྲིལ་གྱི་ཐོག་ནས་ལས་འགུལ་སྤེལ་རྒྱུ་དང་། བགྲོ་གླེང་འཚོགས་རྒྱུ། ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་སོགས་མུ་མཐུད་གནང་ཐུབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
གཞན་ཡང་སྐབས་ ༡༧ གྲོས་ཚོགས་སླེབས་ནས་ལོ་གཉིས་པའི་ནང་འགྲོ་བཞིན་ཡོད། གྲོས་ཚོགས་ཀྱི་འཛིན་སྐྱོང་དང་འབྲེལ་བའི་ལས་དོན་དང་། རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་གནས་བབ་དང་འབྲེལ་བའི་ལས་དོན་ཡིན་ནའང་འདྲ། གྲོས་ཚོགས་རང་གི་ལས་དོན་ཐོག་བསམ་བློ་བཏང་བ་ཡིན་ནའང་ཡག་ཐག་གཅོད་ལྟ་བུ་འགྲོ་བཞིན་ཡོད། དེ་ལ་རྒྱ་ཆེ་མང་ཚོགས་ཐོག་ནས་སེམས་ངལ་ཧ་ཅང་གནང་དགོས་པ་མཐོང་གི་མེད་ཅེས་ཞུ་རྒྱུ་ཡིན། ཡིན་ནའང་མི་རིང་བར་ཁྲིམས་དང་སྒྲིག་གཞི་རིགས་གཅིག་བསྐྱར་བཅོས་གནང་ཐུབ་དགོས་པ་དང་། དེ་བཞིན་ནོར་བཅོས་གནང་དགོས་པ་དེ་འདྲའི་བོད་དོན་འཐབ་རྩོད་ཐོག་ལའང་རིམ་པས་ཞུ་གཏུག་དང་ལས་འགུལ་གཞི་རྒྱ་ཆེ་ཙམ་གནང་ཐུབ་དགོས་རྒྱུ་ང་ཚོའི་ལས་འགན་ཆགས་ཡོད་པར་བརྟེན་དེ་ཚོའི་ཐོག་ལ་ང་ཚོས་བསམ་བློ་གཏོང་གི་ཡོད། འཛིན་སྐྱོང་དང་གྲོས་ཚོགས་ཀྱི་འཐུས་མི། རྒྱ་ཆེ་མང་ཚོགས་བཅས་ཚང་མས་ནུས་པ་གཅིག་སྒྲིལ་གྱི་ཐོག་ནས་གཅིག་སྒྲིལ་ཡོང་ཐུབ་པའི་བསམ་བློ་དེ་ཚང་མར་ཡོད་པ་གཞིར་བཟུང་གི་ཐོག་ནས་ནུས་པ་མཉམ་སྤུངས་ཐུབ་པ་ཚང་མས་མཐུན་འགྱུར་གནང་ཐུབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་ཞུ་རྒྱུ་ཡིན།
དེ་བཞིན་བཟང་ས་ནས་ཞུ་བ་ཡིན་ན། རྒྱལ་སྤྱིའི་ནང་བོད་དོན་ཐོག་གྲོས་ཚོགས་དང་འཛིན་སྐྱོང་། མི་སྒེར་སོ་སོའི་ངོས་ནས་བོད་དོན་ཐོག་མུ་མཐུད་ནས་རྒྱབ་སྐྱོར་གནང་དང་གནང་བཞིན་པ་ཆགས་ཀྱི་ཡོད། གཞན་ཡང་རིམ་པས་མི་རིང་བར་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ཐོག་ལའང་འགྱུར་བ་འགྲོ་སྲིད་པའི་གནས་སྟངས་ཆགས་ཡོད་སྟབས། སེམས་ཤུགས་མ་ཆག་པའི་ཐོག་ནས་བོད་དོན་འཐབ་རྩོད་ཐོག་ལའང་རེད། དེ་བཞིན་བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་རིག་གཞུང་། སྐད་ཡིག གོམས་གཤིས་དེ་དག་གི་ཐོག་ལའང་ནུས་པ་མཉམ་སྤུངས་ཀྱི་ཐོག་ནས་རྒྱུན་འཛིན་གནང་ཐུབ་དགོས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡོད་པ་ངས་བསྐྱར་དུ་ཞུ་རྒྱུ་ཡིན།
ལོ་གསར་པའི་ནང་བྱ་བ་བཟང་པོ་ཡོང་བར་ཚང་མས་འདུན་པ་མཉམ་སྤུངས་གནང་ཐུབ་དགོས་རྒྱུ་དང་། སྤྱི་མཐུན་གྱི་བསོད་ནམས་གསོག་དགོས་རྒྱུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པར་སྲོག་བླུ་དང་། བསོད་ནམས་བསག་རྒྱུ། གསོལ་འདེབས་སྨོན་ལམ་ཞུ་ཐུབ་དགོས་རྒྱུ་བོད་མི་ཡོངས་ཀྱི་ལས་འགན་ཆགས་ཡོད་སྟབས། རྣམ་པ་ཚོས་དེ་དག་གི་ཐོག་ལའང་རྒྱུན་དུ་སེམས་ཁུར་གནང་རོགས་ཞེས་ཞུ་རྒྱུ་ཡིན།
གཞན་ཡང་སྲོལ་རྒྱུན་གྱི་ལོ་གསར་ནང་བོད་ཀྱི་ཐུན་མོང་མ་ཡིན་པའི་ཞལ་ལག་དང་། རིག་གཞུང་འཁྲབ་སྟོན། དེ་བཞིན་དེང་གི་རིག་གཞུང་དང་ལྷན་སྤྲོ་སྐྱིད་གནང་རྒྱུ་སོགས་མཐའ་གཉིས་སུ་མ་ལྷུང་པའི་ཐོག་ནས་བོད་མི་ཚོས་ཧ་ཅང་ཡག་པོ་གནང་གི་འདུག་སྙམ་པའི་མི་གཞན་གྱིས་ཡིད་སྨོན་གནང་བ་དེ་འདྲ་གནང་ཐུབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་རེད། ཅེས་ཞུ་རྒྱུ་ཡིན།
ལོ་གསར་པའི་ནང་ཚང་མར་བསྐྱར་དུ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། བོད་པའི་ཁ་རྒྱུན་ལ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །ཨེ་མ་བག་གྲོ་སྐུ་ཁམས་བཟང་། །གཏན་དུ་བདེ་བ་འཐོབ་པར་ཤོག །ཅེས་གསུངས་པ་ནང་བཞིན་དེ་ལྟར་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས།།