༄༅། །འདི་གར་ཐའེ་ཝན་སྐུ་ཚབ་དོན་གཅོད་ལས་ཁུ
བགྲོ་གླེང་དུ་ཐའེ་ཝན་གྱི་གྲགས་ཅན་སེམས་ཁམས་སྨན་བཅོས་དང་དབྱེ་ཞིབ་པ་ཀྲུའུ་རིན་ཡུས་ལགས་གདན་འདྲེན་ཞུས་ཏེ། ཐའེ་ཝན་དུ་གནས་བཞུགས་རྒྱ་སྐད་མཁྱེན་མཁན་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་དང་། མཁན་པོ་སུམ་ཅུ་ཙམ་ལ་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་སེམས་ཁམས་དབྱེ་ཞིབ་ཀྱི་གཞུང་ལུགས་དང་། སེམས་ཁམས་སྨན་བཅོས་བྱས་ལུགས་དཔེ་མཚོན་དང་བཅས་ངོ་སྤྲོད་གསུང་བཤད་གནང་ཡོང་པ་དང་། བོད་བརྒྱུད་ནང་བསྟན་ཕྱོགས་ནས་དོན་ཁང་གི་ལྟ་གྲུབ་སློབ་དཔོན་ཟུར་པ་དགེ་བཤེས་འཇམ་དཔལ་ཆོས་འཛིན་ལགས་དང་། ལྟ་གྲུབ་སློབ་དཔོན་ལས་ཐོག་དགེ་བཤེས་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་ལགས་རྣམ་གཉིས་ཀྱིས་མི་རེས་སྐར་མ་ ༡༥ རིང་དཔྱད་བརྗོད་ཞུས་རྗེས། ཚོགས་ཞུགས་པ་ཚང་མར་སྐར་མ་གསུམ་རིང་སོ་སོའི་བསམ་ཚུལ་དང་དྲི་བ་དྲིས་ལན་གྱི་གོ་སྐབས་ཕུལ་ཏེ་བགྲོ་གླེང་དེ་བཞིན་ཚ་ཚ་འུར་འུར་དང་། དོན་དང་ལྡན་པ་ཞིག་བྱུང་ཡོད་སྟབས་ཕན་ཐོགས་ཆེན་པོ་བྱུང་བ་དང་། མ་འོངས་མུ་མཐུད་འཚོགས་ཐུབ་པའི་རེ་འདུན་ཤུགས་ཆེ་ཡོད་པ་ཚོགས་ཞུགས་པ་ཚོས་བསམ་ཚུལ་བསྡུ་ལེན་གྱི་རེའུ་མིག་ནང་ཁ་གསལ་བཀོད་འདུགདེ་ཡང་ཐེངས་འདིའི་བགྲོ་གླེང་དེ་བཞིན་ན་ནིང་ཕྱི་ཟླ་ ༧ ཚེས་ ༢༣ ཉིན་གྱི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོའི་གྲོས་ཆོད་དགོངས་དོན། བོད་བརྒྱུད་ནང་བསྟན་ཕྱོགས་ཀྱི་འབྲེལ་མཐུད་པ་དོན་ཁང་གི་ལྟ་གྲུབ་སློབ་དཔོན་བསྟན་འཛིན་རྣམ་གྲོལ་རིན་པོ་ཆེ་ལགས་དང་། སེམས་ཁམས་དབྱེ་ཞིབ་ཕྱོགས་ཀྱི་འབྲེལ་མཐུད་པ་སྨན་པ་ལྕམ་ཁྲིན་ཇཱ་ལིང་ལགས་རྣམ་གཉིས་ནས་ཡུ་རིང་གྲ་སྒྲིག་བཟོས་ཏེ་འཚོགས་པ་ཞིག་ཡིན་པ་དང་། བགྲོ་གླེང་གི་ཐོག་མར་ངོ་སྤྲོད་དང་འབྲེལ་སེམས་ཁམས་དབྱེ་ཞིབ་པ་ལྕམ་ཁྲིན་ཇཱ་ལིང་ལགས་ཀྱིས་གཙོ་སྐྱོང་གནང་ཞིང་། སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་དབུ་འབྱེད་ཀྱི་གསུང་བཤད་གནང་ཡོད།སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུང་དོན། དེ་རིང་ཐའེ་ཝན་གྱི་གྲགས་ཅན་སེམས་ཁམས་སྨན་བཅོས་པ་ཀྲུའུ་རིན་ཡུས་ལགས་གདན་འདྲེན་ཞུས་ཐུབ་པ་དང་། བོད་བརྒྱུད་ནང་བསྟན་གྱི་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་དང་མཁན་པོ། རིན་པོ་ཆེ་སོགས་མང་པོ་ཞིག་གདན་འདྲེན་ཞུས་ཏེ་དོན་ཁང་གི་ཆོས་ཁང་དུ་བོད་བརྒྱུད་ནང་བསྟན་དང་སེམས་ཁམས་དབྱེ་ཞིབ་བར་གྱི་བགྲོ་གླེང་གོ་སྒྲིག་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ཐོག་མར་ཀྲུའུ་རིན་ཡུས་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་བཞིན་གོ་སྒྲིག་གནང་མཁན་གཉིས་དང་། ཚོགས་ཞུགས་པ་རྣམ་པ། གཞན་ཡང་སེམས་ཁམས་སྨན་པ་ཟུར་ཉན་དུ་ཕེབས་པ་བཅས་ཚང་མར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་བོད་མིའི་བཤད་རྒྱུན་དུ་ལས་ཀ་གང་ཞིག་སྒྲུབ་པར་ཡུལ་ཁྱད་པར་ཅན་དང་། དུས་ཁྱད་པར་ཅན། མི་ཁྱད་པར་ཅན་ཞེས་ལབ་སྲོལ་ཡོད་ཅིང་། ཆོས་ཁང་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དངོས་སུ་ཞབས་སོར་འཁོད་མྱོང་བའི་ཡུལ་བྱིན་རླབས་ཅན་ཞིག་ཡིན་པ་དང་། མི་ཁྱད་པར་ཅན་ནི་དམིགས་བསལ་འགྲེལ་བརྗོད་མི་དགོས་པར། གསུང་བཤད་གནང་མཁན་དང་། བགྲོ་གླེང་གནང་མཁན། ཚོགས་ཞུགས་པ་རྣམ་པ། གཙོ་སྐྱོང་བ། མཐའ་ན་ད་ལྟ་སྐད་ཆ་ཤོད་བཞིན་པའི་གང་ཟག་དེ་བཅས་ཚང་མ་ཁྱད་པར་ཅན་ཤ་སྟག་ཆགས་ཀྱི་ཡོད།དུས་ཁྱད་པར་ཅན་ཞེས་དེ་རིང་གཟའ་ཚེས་དམིགས་བསལ་གང་ཡིན་ངས་མི་ཤེས་ཀྱང་། བགྲོ་གླེང་འདི་འདྲ་ཞིག་དེ་རིང་འཚོགས་ཐུབ་པ་ཙམ་གྱི་དུས་ཁྱད་པར་ཅན་ཞིག་ལ་ངོས་འཛིན་ཞུས་ན་འགྲིག་གི་རེད་སྙམ། དྲང་མོ་ཞུས་ན་གང་ཟག་བདག་ལྟ་བུ་ཞིག་ལ་མཚོན་ན་སེམས་ཁམས་དབྱེ་ཞིབ་དང་བོད་བརྒྱུད་ནང་བསྟན་གཉིས་ཀར་གང་ཡང་ཤེས་ཀྱི་མེད་སྟབས། སྐད་ཆ་བཤད་རྒྱུའི་འོས་བབ་ཡེ་ནས་མཐོང་གི་མེད་ཀྱང་། གནས་བབ་དང་ལས་འགན་གྱི་ཆ་ནས་མི་བཤད་ཀ་མེད་བྱུང་སོང་བ་དང་། ཀུའུ་ཀུ་ཐམས་ཅན་མཁྱེན་པར་བརྟེན་ནས་འཁྱུག་ཙམ་སྔོག་བཤེར་ཞུས་སྐབས། ཧ་ལས་དགོས་པ་ཞིག་ལ་སེམས་ཁམས་དབྱེ་ཞིབ་སྲོལ་གཏོད་པ་པོ་ཚོས་ནང་ཆོས་ཀྱི་ལྟ་གྲུབ་ལ་སློབ་སྦྱོང་མང་པོ་བྱས་འདུག་པ་དང་། དམིགས་བསལ་བོད་བརྒྱུད་ནང་བསྟན་ལ་དོ་སྣང་ཧ་ཅང་ཆེན་པོ་བྱས་འདུག་པས། རང་ཚོ་བོད་བརྒྱུད་ནང་བསྟན་གྱི་དགེ་འདུན་པ་ཚོས་སེམས་ཁམས་དབྱེ་ཞིབ་ཀྱི་གཞུང་ལུགས་ལ་སློབ་སྦྱོང་ཇི་ཙམ་བྱས་ཡོད་མེད་ཤེས་ཀྱི་མེད་ཀྱང་། དེ་རིང་གི་བགྲོ་གླེང་འདི་བརྒྱུད་ཕན་ཚུན་སློབ་སྦྱོང་དང་། ཕན་ཚུན་ཉམས་མྱོང་སྤེལ་རེས། ཕན་ཚུན་ཉེས་འགོག་ལེགས་སྤེལ་གྱི་གྲུབ་འབྲས་ཐོན་ཐུབ་པའི་རེ་བ་ཞུས་ཀྱི་ཡོད། ལྷག་པར་འདི་ལྟ་བུའི་བགྲོ་གླེང་ནི་ཐེངས་དང་པོ་མིན་ཅིང་། འདས་པའི་མི་ལོ་ ༣༠ ལྷག་རིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་པོ་མཆོག་གིས་ཕྱི་རྒྱལ་ཨིན་ཡིག་གིས་གཙོས་སྐད་ཡིག་གཞན་དག་ནང་དུ་བགྲོ་གླེང་ཐེངས་མང་གནང་མྱོང་ཡོད་ཀྱང་། རྒྱ་སྐད་ཀྱི་ལམ་ནས་ད་ལྟ་གཞི་ནས་འགོ་འཛུགས་ཀྱི་ཡོད་སྟབས། དེ་ལྟ་བུའི་བགྲོ་གླེང་མ་འོངས་མུ་མཐུད་གོ་སྒྲིག་ཐུབ་པའི་རེ་བ་ཞུས་ཀྱི་ཡོད་ཅེས་གསུངས།བགྲོ་གླེང་ཚོགས་འདུ་གྲུབ་མཚམས་སྐུ་ཚབ་དོན་གཅོད་ཀྱིས་གསུང་བཤད་གནང་མཁན་དང་གཙོ་སྐྱོང་གནང་མཁན་བཅས་ལ་དཀར་གཙང་གི་མཇལ་དང་དང་། དོན་ཁང་ཁྱབ་འོག་གངས་ལྗོངས་དཔེ་སྐྲུན་ཁང་ནས་པར་སྐྲུན་འགྲེམས་སྤེལ་ཞུས་པའི་དེབ་ཁག་ཅིག་བཅས་ཕྱག་རྟགས་སུ་ཕུལ་བ་དང་། མ་འོངས་པར་མུ་མཐུད་བགྲོ་གླེང་འདི་ལྟ་བུ་སྤེལ་རྒྱུར་ཕྱོགས་ཕན་ཚུན་གཉིས་ནས་འབྲེལ་བ་བཟོ་རྒྱུའི་ཐག་གཅོད་བྱུང་ཡོད་པ་བཅས། །