༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཆབ་སྲིད་བཙོན་པ་དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
དེ་ཡང་དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས་ཀྱིས་སློབ་མ་རྣམས་ལ་རྒྱུན་དུ་བཀའ་ཆོས་སོགས་ཡང་ཡང་གནང་གི་ཡོད་པ་མ་ཟད། དེ་སྔོན་ལི་ཐང་ནང་ཆགས་པའི་དཔྱད་འཇོག་བཤད་སྒྲུབ་དར་རྒྱས་གླིང་དགོན་པ་ཉམས་གསོ་གནང་བ་དང་། ལི་ཐང་རྫོང་གི་གྱོང་པ་གྲོང་རྡལ་དུ་སྡེ་པ་ཤོག་ཁག་གཉིས་སུ་གྱུར་པ་འདུམ་འགྲིག་གནང་རྐྱེན་སོགས་ལ་སྙད་བཏགས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༣ པའི་ནང་འཛིན་བཟུང་གིས་ལི་ཐང་རྫོང་གི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག བཙོན་ཁང་དུ་སྡོད་རིང་གཟུགས་གཞི་བདེ་མིན་གྱིས་ལི་ཐང་རྫོང་གི་སྨན་ཁང་དུ་ཁྲིད་ཡོད་འདུག་ཀྱང་སྟབས་མ་ལེགས་པར་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢༦ ཉིན་འདས་གྲོངས་སུ་གྱུར་ཡོད་འདུག
ཁོང་གི་སྐུ་ཕུང་ལི་ཐང་རྫོང་གྱོང་པ་གྲོང་རྡལ་དུ་གདན་དྲངས་རུང་མི་མང་ལ་མཇལ་ཁ་མ་བཏང་བའི་ཁར་ཉིན་གྲངས་གསུམ་རིང་ས་གནས་དེར་འགྲོ་འོང་བྱ་མི་ཆོག་པའི་བཀའ་རྒྱ་ཡང་བཏང་ཡོད་འདུག་པ་མ་ཟད། ཉིན་གཉིས་གསུམ་རྗེས་སྐུ་ཕུང་རྒྱ་ནག་ཏུ་ཁྱེར་ཡོད་འདུག
དགེ་བཤེས་ཕན་བདེ་རྒྱལ་མཚན་ (སྐྱ་མིང་དོན་གྲུབ།) ལགས་ནི། ལིང་ཐང་རྫོང་གྱིང་པ་གྲོང་རྡལ་ཞབས་དྲུང་གྲོང་དུ་འཁྲུངས་ཞིང་། ད་ལྟ་རང་ལོ་ ༥༦ ཙམ་ལ་སོན་ཡོད་འདུག ཁོང་ཕྱི་ལོ་ ༡༩༨༥ ལོར་རྒྱ་གར་དུ་འབྱོར་ནས་རྒྱ་གར་ལྷོ་ཕྱོགས་སེ་ར་སྨད་སྤོམ་ར་ཁང་ཚན་དུ་སློབ་གཉེར་གནང་སྟེ་དགེ་བཤེས་ཀྱི་མཚན་གནས་བཞེས་རྗེས་བྱ་བྲལ་དུ་ཡུན་རིང་བཞུགས་ཡོད་འདུག དེ་རྗེས་རྡ་ས་དང་། མཱ་ནཱ་ལི། རྡོ་རྗེ་གླིང་། འབྲུག་སོགས་སུ་བྱ་བྲལ་དུ་ཡུན་རིང་བཞུགས་ཡོད་འདུག་པ་མ་ཟད། ཕྱིས་སུ་བོད་ལ་ཕེབས་ནས་སྔར་བཞིན་དབེན་པ་བསྟེན་ནས་སློབ་མ་མང་པོར་སྒོམ་ཉམས་ལེན་དང་འབྲེལ་བའི་སྐོར་བཀའ་སློབ་གནང་ཡོད་འདུག་པ་བཅས། །