༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༢ ཚེས་ ༠༩ ཉིན་རྒྱ་གར་གཞུང་གི་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ནང་པའི་སྐུ་ཚབ་ལྕམ་སྐུ་རིན་ཆེན་ལྷ་མོ་ལགས་བོད་མིའི་སྒྲིག་འཛུགས་སུ་ཆེད་ཕེབས་གནང་ཡོད་པ་རེད།
དེ་ཡང་ཐོག་མར་ལྕམ་སྐུ་རིན་ཆེན་ལྷ་མོ་ལགས་གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་གྲྭ་ཚང་དང་། དགའ་གདོང་གསལ་བྱེད་གླིང་གྲྭ་ཚང་དུ་མཆོད་མཇལ་གྲུབ་མཚམས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཆེད་ཕེབས་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་ཕེབས་བསུ་ཞུས་གནང་ཡོད། དེ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་དང་། ལྕམ་སྐུ་རིན་ཆེན་ལྷ་མོ་ལགས། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་བཅས་བོད་ཀྱི་དཔེ་མཛོད་ཁང་དང་། བོད་ཀྱི་འགྲེམ་སྟོན་ཁང་། ཆེས་མཐོའི་ཁྲིམས་ཞིབ་ཁང་། བཀའ་ཤག རྡ་སྟེང་བོད་ཕྲུག་ཁྱིམ་སྡེ་བཅས་ལ་གཟིགས་སྐོར་ཕེབས་གནང་ཡོད།
བཀའ་ཤག་ཏུ་ཕེབས་ཏེ་དཔལ་ལྡན་སྲིད་ཚབ་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་བཅས་དང་ལྷན་དུ་བཙན་བྱོལ་བོད་མིའི་བདེ་སྡུག་དང་འབྲེལ་བའི་གནད་དོན་ཁག་གཅིག་ཐོག་བཀའ་མོལ་ལྷུག་པོ་གནང་ཡོད་པ་བཅས།།