༄༅། །སྤྱི་ཟུར་བློ་བཟང་ཤཱ་སྟྲཱི་ལགས་ཀྱིས་ཕྱི་ལོ་ ༢༠༢༣ ཟླ་བ་ ༡ ཚེས་ ༡༦ རེས་གཟའ་ཟླ་བ་ཉིན་ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་ལས་བཅར་ཞུས་ཤིང་། ཕྱི་ཚེས་ ༡༨ རེས་གཟའ་ལྷག་པ་ཉིན་ལས་ཁུར་དངོས་སུ་འགོ་འཛུགས་གནང་ཡོད་པ་རེད།
དེ་ཡང་ཕྱི་ཚེས་ ༡༨ ཉིན་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་སླད་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་སྤྲོད་དཔང་གནང་བའི་ཐོག་ལྡི་ལི་སྐུ་ཚབ་དོན་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་དང་། དོན་གཅོད་གསར་པ་སྤྱི་ཟུར་བློ་བཟང་ཤཱསྟྲཱི་ལགས་རྣམ་གཉིས་དབར་རྩིས་སྤྲོད་རྩིས་ལེན་གནང་ཡོད།སྤྱི་ཟུར་བློ་བཟང་ཤཱསྟྲཱི་ལགས་ནི། ཕྱི་ལོ་ ༡༩༨༥ ལོར་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་བསླབ་པ་མཐར་སོན་རྗེས་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཕྱག་དཔེ་གསུང་རྟེན་ཁང་གི་འགན་འཛིན་དང་། ཝཱར་ཎ་ཞི་འཚོ་དཔེ་མཛོད་ཁང་དང་ལ་དྭགས་སླེ་ནང་པའི་མཐོ་སློབ་ཁང་གི་དཔེ་མཛོད། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་སློབ་སྟོན་པ་བཅས་ཀྱི་ཚོགས་མི། ཕྱི་ལོ་ ༡༩༩༥ ནས་ ༢༠༠༥ བར་སྐབས་གཉིས་རིང་བོད་མི་མང་སྤྱི་འཐུས་གནང་ཡོད་པ་མ་ཟད། ནོར་ཝེ་ཨོས་ལོ་གཙུག་ལག་སློབ་གཉེར་ཁང་གི་དགེ་རྒན་དང་ཨིན་ཌ་ཡ་ཎ་གཙུག་ལག་སློབ་གཉེར་ཁང་གི་དབུས་ནུབ་ཤར་ཚན་པའི་དགེ་རྒན་དང་ཉམས་ཞིབ་པའི་ཕྱག་ལས་གནང་མྱོང་ཡོད་པ་བཅས། །