༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་གྱི་སྤྱི་དམངས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་གི་མཐུན་འགྱུར་འོག་ནེཧ་རུ་རྗེས་དྲན་གྱི་འགྲེམས་སྟོན་དང་དཔེ་མཛོད་ཁང་། སྐུ་ཞབས་ཊི་ཨན་ཅ་ཏུར་ཝེ་ཌི་དམ་པ་ (T. N. Chaturvedi) མཆོག་གི་ནང་མི་ནས་བྱམས་བརྩེ་དང་འཛིན་སྐྱོང་ (Karuna and Good Governance) ཞེས་པའི་བརྗོད་གཞིའི་ཐོག་སྐུ་ཞབས་ཊི་ཨན་ཅ་ཏུར་ཝེ་ཌི་དམ་པ་མཆོག་གི་རྗེས་དྲན་གཏམ་བཤད་དབུ་འབྱེད་མཛད་སྒོ་ཞིག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་གྱི་སྤྱི་དམངས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་དུ་གོ་སྒྲིག་གནང་ཡོད་པ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནེཧ་རུ་རྗེས་དྲན་གྱི་འགྲེམས་སྟོན་དང་དཔེ་མཛོད་ཁང་། སྐུ་ཞབས་ཊི་ཨན་ཅ་ཏུར་ཝེ་ཌི་དམ་པ་མཆོག་གི་ནང་མི་ནས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར་སྐུ་ཞབས་ཊི་ཨན་ཅ་ཏུར་ཝེ་ཌི་དམ་པ་མཆོག་གི་རྗེས་དྲན་གཏམ་བཤད་དབུ་འབྱེད་མཛད་སྒོར་ཆིབས་སྒྱུར་གྱིས་བཀའ་སློབ་སྩལ་ཡོད།དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༡ ཚེས་ ༢༡ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་སྤྱི་དམངས་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་གི་ཚོགས་ཁང་གི་སྡིངས་ཆའི་སྟེང་ཞབས་སོར་འཁོད་མཚམས་མགོན་པོ་གང་ཉིད་མཆོག་གིས་སྣང་གསལ་མར་མེ་ཞལ་ཕྱེ་གནང་གྲུབ་རྗེས་༸ཞབས་སྟེགས་སུ་ཞབས་སོར་འཁོད་དེ་སྐུ་ཞབས་ཊི་ཨན་ཅ་ཏུར་ཝེ་ཌི་དམ་པ་མཆོག་གི་ནང་མི་རྣམ་པ་དང་། ནེཧ་རུ་རྗེས་དྲན་གྱི་འགྲེམས་སྟོན་དང་དཔེ་མཛོད་ཁང་གི་ལས་བྱེད། རྒྱ་གར་གྱི་འཛིན་སྐྱོང་སྦྱོང་བརྡར་བསྟི་གནས་ཁང་གི་དགེ་ལས་རྣམ་པ། དེ་བཞིན་རྒྱ་གར་གཞུང་གི་ལས་བྱེད་ཟུར་པ་ཁག་གཅིག་སོགས་ལ་བཀའ་སློབ་སྩལ་དོན། མཆེད་གྲོགས་རྣམ་པ་ཞུ་རྒྱུར། ངོས་རང་བཙན་བྱོལ་བ་ཆགས་པ་ནས་བཟུང་རྒྱ་གར་ལུང་པར་བསྡད་དང་སྡོད་མུས་རེད།ངོས་ཀྱིས་བྱིས་པའི་སྐབས་ནས་བཟུང་རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་དང་ཚད་མ་རིག་པའི་སྐོར་སྦྱངས་པ་རེད། ཕྱིས་སུ་ངོས་རང་རྒྱ་གར་གཞུང་གི་སྐུ་མགྲོན་ཆགས་པ་དང། ཧ་ལམ་ངོས་ཀྱི་མི་ཚེ་ཧྲིལ་པོ་རྒྱ་གར་ལུང་པར་བསྐྱལ་པ་རེད། རྒྱ་གར་གྱི་གནའ་བོའི་ལྟ་གྲུབ་དང་ཚད་མ་རིག་པ་དེ་དག་དངོས་གནས་དྲང་གནས་ཧ་ལས་པ་རེད། རྒྱ་གར་ནི་མང་གཙོའི་རྒྱལ་ཁབ་ཅིག་རེད། རྒྱ་གར་ནང་འཛམ་གླིང་གི་ཆོས་ལུགས་ཕལ་ཆེ་བ་མཉམ་གནས་བྱས་ནས་སྡོད་མུས་ཡིན། ངོས་རང་བདག་ཉིད་ཆེན་པོ་གཱཾ
ངོས་རང་ད་ལྟ་ལོ་ ༨༧ ལ་སླེབས་ཡོད་ཀྱང་། ནང་སེམས་ལ་ཞི་བདེ་ཡོད་སྟབས་གཞོན་ཉམས་དོད་པོ་ཡོད། སེམས་ཞི་བདེ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། ཕྱིའི་མཛེས་སྡུག་ལས་ནང་སེམས་ཀྱི་མཛེས་སྡུག་སྟེ་བྱམས་བརྩེ་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་བཀའ་འདྲི་ཁག་ལ་བཀའ་ལན་སྩལ་ཡོད་པ་བཅས།།