༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༡ ཚེས་ ༡༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པའི་དཔལ་ཡུལ་རྣམ་གྲོལ་གླིང་དགོན་དུ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
དེ་ཡང་ཕྱི་ལོ་ ༢༠༢༣ ཟླ་བ་ ༡ ཚེས་ ༡༢ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་ནས་དབུ་བཙུགས་ཏེ་ཉིན་བདུན་རིང་གནས་མཆོག་རྡོ་རྗེ་གདན་དུ་རྣམ་གྲོལ་གླིང་གི་གཙུག་ལག་ཁང་དུ་རྣམ་གྲོལ་གླིང་གི་དགེ་འདུན་པ་གཙོས་པའི་དགོན་སྡེ་ཁག་གི་དགེ་འདུན་པ་ཞལ་གྲངས་བརྒྱ་ཕྲག་ཙམ་ནས་གཏེར་ཆེན་རཏྣ་གླིང་པའི་ཚེ་སྒྲུབ་གསང་འདུས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས་སྐུ་ཚེའི་ཚེ་སྒྲུབ་སྔོན་དུ་བཏང་སྟེ་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༡༨ གཟའ་སྐར་དགེ་བའི་ཉིན་བརྟན་བཞུགས་དངོས་གཞི་བསྟར་འབུལ་གྱི་ཐོག་མར་སྔ་དྲོ་ཆུ་ཚོད་ ༧།༤༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་ནས་རྡོར་གདན་དཔལ་ཡུལ་རྣམ་གྲོལ་གླིང་དགོན་པར་ཆིབས་འཁོར་ནང་ཆིབས་བསྒྱུར་སྐབས་རྙིང་མའི་བླ་ཆེན་ཁག་དང་། རྙིང་མའི་སྤྱི་འཐུས་བཅས་ནས་སྤོས་སྣེ་དང་། རྣམ་གྲོལ་གླིང་དགེ་འདུན་པས་སྤྱན་རྒྱ་སྤོས་འཛིན་གྱིས་སྔོན་བསུས་ཏེ། བཀྲ་ཤིས་རྟེན་འབྲེལ་དུ་གྲོ་སོ་ཕྱེ་མར་འདེགས་འབུལ་དང་བཅས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྣམ་གྲོལ་གླིང་གཙུག་ལག་ཁང་དུ་གདན་ཞུ་ཞུས་པ་དང་། མགོན་པོ་གང་ཉིད་མཆོག་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས། བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་གིས་མཇལ་དར་རྐྱང་འབུལ་ཞུ་སྐབས། ཞལ་འདོན་རྒྱུན་ཆགས་གསུམ་པ་དང་། ཚིག་བདུན་གསོལ་འདེབས་སོགས་གསུང་འདོན་དང་། གསོལ་ཇ་འབྲས་སིལ་རིམ་པར་ཕེབས།མུ་མཐུད་ཁྲུས་གསོལ་དང་། མཆོད་པ་བྱིན་རླབས། རིགས་ལྔའི་མཁའ་འགྲོ་བསྐྱེད་དེ། གར་སྟབས་བཅས་སོ་སོའི་མདོག་མཐུན་གྱི་དར་སྣེ་བཟུང་སྟེ་བཞུགས་ཁྲིའི་མདུན་དུ་འཁོད། ཞལ་འདོན་ཚིག་བསྟུན་གྱིས་དར་ཐག་བསྡུས། མཁའ་འགྲོ་མ་རྣམས་ཕྱོགས་སོ་སོར་གཤེགས། སྐུ་གླུད་ནུབ་ཕྱོགས་སུ་བསྐྱལ། སྲུང་འཁོར་བཅས་བརྟན་བཞུགས་ཀྱི་ཆོ་ག་རིམ་པར་ཕེབས་ཏེ་དངོས་གཞིར་བསང་སྦྱང་། སློབ་དཔོན་ལྷར་བསྐྱེད། སྤྱན་འདྲེན། མཆོད་བསྟོད་སོགས་རིམ་པར་གསུངས་ཤིང་། རྡོ་རྗེ་སློབ་དཔོན་མཆོག་གིས་ཚེ་བུམ་དང་། ཚེ་ཆང་། ཚེ་རིལ། ཚེ་མདའ་བཅས་ཕུལ་རྗེས་མཁན་པོ་ཀུན་བཟང་བདེ་ཆེན་ལགས་ཀྱིས་མཎྜལ་བཤད་པ་དང་། མཎྜལ་ཚོམ་བུ་འདེགས་འབུལ། རྙིང་མའི་སྤྱི་འཐུས་ཟུང་ནས་ཟུར་འདེགས་ཞུས་པ་སོགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གསང་གསུམ་ལ་ཚུལ་བསྟན་མི་ཤིས་པའི་མཚན་མའི་རིགས་ཆ་ཕྲ་མོ་ཙམ་ཡང་གཞར་ཡང་མི་བཞེས་ཤིང་། བསྟན་འགྲོ་སྤྱི་དང་བྱེ་བྲག་ཁ་བ་གངས་ཅན་པའི་མགོན་དཔུང་དུ་༸ཞབས་པད་མི་འགྱུར་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་ཕྱིར། དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ལེགས་པར་གྲུབ་ཡོད་པ་རེད།དེ་ཡང་གསང་ཆེན་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་དཔལ་ཡུལ་རྣམ་གྲོལ་གླིང་དགོན་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཏེར་ཆེན་རཏྣ་གླིང་པའི་ཚེ་སྒྲུབ་ཀྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་སྐབས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་ས་ཆ་འདིར་དད་པ་དང་དམ་ཚིག་གཡོ་བ་མེད་པའི་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་སྤྱི་དང་། དད་པ་དང་འདུན་པ་གཅིག་སྒྲིལ་གྱི་ཐོག་ནས་བརྟན་བཞུགས་གནང་བ་རེད། རྟེན་འབྱུང་ཡིན་པས་ངོས་ཀྱིས་ད་ལྟའི་དུས་ཚོད་གཉན་འཕྲང་ཅན་འདི་འདྲ་ཞིག་ལ། བོད་ཀྱི་བསྟན་པ་དང་འགྲོ་བའི་དོན་དུ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཕལ་ཆེར་བྱེད་ཐུབ་ཀྱི་འདུག དེ་སྔ་སངས་རྒྱས་ཀྱི་བསྟན་པ་གོ་ཐོས་མེད་སའི་ལུང་པ་ཚོ་ལའང་སངས་རྒྱས་ཆོས་ལ་དོ་སྣང་གསར་པ་སླེབས་པ་ཞིག་དང་། མདོར་ན། ཡེ་ཤུའི་ཆོས་པའི་ནང་དུའང་སོ་སོའི་ལྟ་གྲུབ་མི་འདྲ་བ་ཡིན་ཡང་། བྱམས་པ་དང་བརྩེ་བ། བཟོད་པ་བཅས་ཀྱི་ཐོག་ལ་མང་པོ་ཞིག་གིས་ཧ་ཅང་དགའ་མོས་བྱེད་ཀྱི་འདུག དེར་བརྟེན་ངོས་ཀྱིས་བོད་གངས་ཅན་གྱི་བསྟན་པ་དང་འགྲོ་བའི་དོན་ཙམ་མ་ཡིན་པར། འཛམ་གླིང་འདིའི་སྟེང་གི་གཉུག་མར་གནས་ཤིང་བློ་གཟུ་བོར་གནས་པའི་ཁྲོད་ཀྱི་ཆོས་དད་མེད་མཁན་ཚོ་ཡིན་ནའང་ངོས་ལ་དགའ་པོ་བྱེད་བཞིན་ཡོད།ངོས་ལ་མཚོན་ནའང་འཛམ་གླིང་འདིར་མི་མང་པོའི་སེམས་དགའ་པོ་བཟོ་བ་དང་། བསླབ་བྱ་གཙོ་བོ་སེམས་བཟང་པོ་བྱེད་དགོས་པ་བཤད་པས། མི་མང་པོར་ཕན་ཐོགས་ཡོང་གི་འདུག ཡེ་ཤུའི་ཆོས་པའི་ནང་ངོས་ལ་ངོ་ཤེས་པ་ཧ་ཅང་མང་པོ་ཡོད། སོ་སོའི་ཆོས་ཀྱི་ལྟ་གྲུབ་ཀྱི་གནས་ཚུལ་ཁ་ཁ་རེད། དེ་ལ་ངོས་ཀྱིས་རྩོད་པ་རྒྱག་གི་མ་རེད་ལ། རྩོད་པ་རྒྱག་དགོས་དོན་མེད། གང་ལྟར་སེམས་པ་བཟང་པོ་བྱེད་པ་དང་། ཉམ་ཐག་གི་མི་ལ་ཞབས་འདེགས་སྒྲུབ་པ་ལ་ཡེ་ཤུའི་ཆོས་པ་ཚོ་ཧ་ཅང་ཡག་པོ་རེད། དེ་བཞིན་ངོས་ཀྱིས་ངོ་ཤེས་པ་ཁ་ཆེ་དང་། དེ་སྔ་ལྷ་ས་ནས་དགའ་ལྡན་ཕོ་བྲང་གི་གཞུང་གི་མཛད་སྒོ་ཚང་མར་ལྷ་སར་ཡོད་པའི་ཁ་ཆེའི་སྐྱིད་སྡུག་ཚོ་འཆར་ཅན་ཡོང་གི་ཡོད་པས་ངོས་རང་ཆུང་ཆུང་སྐབས་ནས་གོམས་བསྡད་ཡོད།ངོས་ཀྱི་མི་ཚེ་འདིར་ཆོས་པ་འདྲ་མིན་མང་པོ་ཞིག་གིས་དགའ་པོ་བྱེད་ཀྱི་ཡོད། ཆོས་དད་མེད་མཁན་ཚོ་ཡིིན་ནའང་སེམས་པ་བཟང་པོ་བྱེད་དགོས་པ་དང་། འཛམ་གླིང་འདིའི་མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་གྱུར་ཡིན་པས་འཛམ་གླིང་ཞི་བདེ་ནི་ཆོས་དད་ཡོད་མེད་ལ་མ་བལྟོས་པར་མི་གྲངས་ཐེར་འབུམ་བརྒྱད་མ་ཟིན་ཙམ་ཡོད་པ་ཚང་མར་བྱམས་བརྩེ་དགོས་ཀྱི་ཡོད་པའི་བསམ་ཚུལ་ཚང་མར་ཡོད་པ་རེད། ངོས་ཀྱིས་དེའི་ཐོག་ལ་ཕན་ཐོགས་ཞབས་འདེགས་གང་འཚམ་སྒྲུབ་ཀྱི་ཡོད། མདོར་ན། ཚན་རིག་པའི་ནང་དུ་ཆོས་ལ་དོ་སྣང་མེད་པའམ་ཆོས་ལ་སྐྱོན་བརྗོད་བྱེད་མཁན་དེ་ལྟ་བུས་ཀྱང་ངོས་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། གང་ལྟར་ཆོས་དད་ཡོད་མེད་ལ་མ་ལྟོས་པར་མི་མང་པོ་ཞིག་གིས་ངོས་ལ་དགའ་མོས་བྱེད་ཀྱི་ཡོད་པས་ངོས་ཀྱིས་ཕན་ཐོགས་གང་འཚམ་བྱེད་ཐུབ་ཀྱི་འདུགསྐབས་སུ་བབ་པ་བོད་གངས་ཅན་ལྗོངས་རེད། བོད་གངས་ཅན་ལྗོངས་ལ་སོ་སོའི་ལས་དང་སྨོན་ལམ་གྱིས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད་པ་ཞིག་གིས་བོད་གངས་ཅན་ལྗོངས་ཀྱི་བསྟན་པ་དང་འགྲོ་བའི་དོན་དུ་ངོས་ཀྱིས་དངོས་དང་བརྒྱུད་པའི་ཐོག་ནས་ཕན་ཐོགས་དང་། ཞབས་འདེགས་ངེས་ཅན་ཞིག་སྒྲུབ་ཐུབ་ཀྱི་ཡོད་པ་རེད། ད་ལྟ་ཕན་ཆད་ཡིན་ནའང་། གངས་རི་ར་བའི་བསྐོར་བའི་ཞིང་ཁམས་སུ།། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།། ཞེས་ནམ་རྒྱུན་ཚིགས་བཅད་ཅིག་འདོན་བཞིན་པ་ལྟར། ཕལ་ཆེར་དངོས་ཡོད་གནས་ཚུལ་ལྟ་བུ་ཞིག་འདུག བོད་གངས་ཅན་པ་ཚོས་དད་པ་དང་ཞེན་ཁོག་གི་ཐོག་ནས་ངོས་ལ་ཧ་ཅང་དགའ་མོས་བྱེད་ཀྱི་ཡོད། བོད་ཆོལ་ཁ་གསུམ་གྱི་བོད་རིགས་གཙོ་བོར་གྱུར་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བོད་རིགས་བཅས་ཚང་མས་ངོས་ལ་གུས་པ་དང་བརྩེ་བ་ཤུགས་ཆེན་པོ་ཡོད་པ་ཞིག་རེད། ངོས་ཀྱིས་དེ་དག་མཐོང་སྐབས། རྨི་ལམ་དུ་ལོ་བརྒྱ་ཕྲག་ལྷག་སྡོད་པའི་མཚན་མ་ཞིག་ཡོང་གི་འདུག་ལ་ཡུན་རིང་པོར་འཚོ་བསམ་པའི་སེམས་ཤུགས་བསྐྱེད་བཞིན་ཡོད། ད་ལྟའི་དུས་སུ་གཟུགས་པོ་ཧ་ཅང་ཡག་པོ་ཡོད། སྨན་པ་ཚོས་ཀྱང་གཟུགས་པོ་ཧ་ཅང་ཡག་པོ་འདུག་ཟེར་གྱི་འདུག གོམ་པ་སྤོས་ནས་ཕར་ཚུར་འགྲོ་བའི་སྐབས་སུ་པུས་མོར་ཏོག་ཙམ་དཀའ་ངལ་འདུག་མ་གཏོགས་གཞན་གང་ཡང་མེད། ད་ལྟའི་བར་དུ་ངོས་ཀྱིས་བོད་ཀྱི་བསྟན་སྲིད་དོན་དུ་ཞབས་འདེགས་གང་འཚམ་སྒྲུབ་པ་རེད་ལ། ད་དུང་ཡིན་ནའང་ལོ་བཅུ་ཕྲག་གཅིག་གཉིས་ལ་ཏན་ཏན་ཞབས་འདེགས་སྒྲུབ་ཐུབ་ཀྱི་རེད། དེར་བརྟེན་ཁྱོད་ཚོ་ཚང་མ་ཐུགས་བློ་བདེ་བར་བཞུགས་རོགས་གནང་།དེ་རིང་ས་ཆ་འདིར་དངོས་སུ་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པ་མང་པོ་ཞིག་གིས་བརྟན་བཞུགས་གནང་བ་རེད། མིས་འདི་ཙམ་ཚུར་རེ་བ་བརྒྱབ་པའི་སྐབས་སུ་ངོས་རང་གི་ངོས་ནས་ཀྱང་། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་རྒྱུན་དུ་སྨོན་ལམ་འདི་རྒྱག་གིན་ཡོད། ཚིག་ཙམ་མ་ཡིན་པར་ཁ་ཡོད་ལག་ཡོད་ཀྱིས་ནམ་མཁའ་ཇི་སྲིད་ཀྱི་བར་དུའམ། གང་ལྟར་ལོ་བརྒྱ་ཕྲག་ཁ་ཤས་ཀྱི་རིང་དུ་ངོས་ཀྱིས་འཛམ་གླིང་གི་རིས་སུ་མ་ཆད་པའི་བསྟན་པ་སྤྱི་དང་། ལྷག་པར་བོད་གངས་ཅན་ལྗོངས་ཀྱི་ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི་ཆོས་བརྒྱུད་རྣམས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཡག་པོ་ཞིག་ཡོང་ཐུབ་པ་ཞིག་དང་། དེང་སང་འཛམ་གླིང་འགྱུར་བ་ཆེན་པོ་འགྲོ་བཞིན་པར་བརྟེན། ངོས་ཀྱི་མི་ཚེ་འདིའི་ནང་དུ་དཀའ་ངལ་ཆེན་པོ་མྱོང་བའི་ལེའུ་དེ་རྫོགས་ཟིན་པ་ལྟ་བུ་འདུག རིམ་བཞིན་འཛམ་གླིང་མི་མང་གི་གོ་རྟོགས་དངོས་གནས་དྲང་གནས་ཆེ་རུ་ཕྱིན་ནས་དངོས་ཡོད་གནས་ཚུལ་ཇེ་གསལ་ཇེ་གསལ་དུ་ཕྱིན་པའི་སྐབས་སུ། བོད་ཀྱི་བདེན་མཐའ་གསལ་ཡོང་བ་ཞིག་ཆགས་ཡོང་གི་འདུག བོད་ཀྱི་བདེན་མཐའ་གསལ་ཞེས་པ་ངོས་ཀྱིས་རང་བཙན་གྱི་སྐད་ཆ་བཤད་ཀྱི་ཡོད་པ་མ་རེད། གང་ལྟར་བོད་ཀྱི་ཆོས་དང་རིག་གཞུང་བོད་རང་གིས་བདག་པོ་གཙང་མ་རྒྱག་ཐུབ་པའི་རང་སྐྱོང་མིང་དོན་མཚུངས་པ་ཞིག་གི་ཐོག་ནས་རྒྱ་ཧོར་བོད་གསུམ་ཚང་མར་བསྟན་པའི་ཞབས་འདེགས་སྒྲུབ་བསམ་པའི་སེམས་ཤུགས་བསྐྱེད་བཞིན་ཡོད། ཏན་ཏན་ངོས་ཀྱིས་གུ་དོག་པོའི་བསམ་བློ་གཏོང་གི་ཡོད་པ་མ་རེད། རྒྱ་ཆེ་ས་ནས་བསམ་བློ་བཏང་ནས་འགྲོ་དུས་ཕལ་ཆེར་མི་ཚེ་རིང་པོར་བསྡད་ནས་བོད་གངས་ཅན་པ་གཙོ་བོར་གྱུར་པའི་ཧི་མ་ལ་ཡ་རི་རྒྱུད་སྤྱི་དང་། འཛམ་གླིང་གི་མི་ཚང་མའམ་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་དགའ་པོ་བྱེད་སའི་མི་ཞིག་ཆགས་ཡོད། དེའི་ཐོག་ནས་ང་ཚོར་སེམས་ཀྱི་ཞི་བདེ་ཡོང་བ་ཞིག་ལ་ངོས་ཀྱིས་འབད་བརྩོན་བྱེད་བཞིན་ཡོད།འཛམ་གླིང་ལ་མིང་དོན་མཚུངས་པའི་ཞི་བདེ་དང་། གོ་མཚོན་མེད་པའི་འཛམ་གླིང་། མཐའ་གཅིག་ཏུ་སེམས་རྒྱུད་བྱམས་བརྩེའི་ཐོག་ནས་ཞི་བདེ་ཡོད་པ་ཞིག་དང་། ལག་ལེན་གྱི་ཐོག་ནས་གོ་མཚོན་དང་དམག་སོགས་གང་ཡང་མེད་པར་་འཛམ་གླིང་ཞི་བདེ་ཅན་ཞིག་ཡོང་བར་ངོས་ཀྱིས་སྨོན་ལམ་རྒྱག་གི་ཡོད་ལ་ཕལ་ཆེར་འགྲུབ་པའི་བཟོ་འདུག དེར་བརྟེན་ངོས་ལ་མི་ལུས་ཤིག་ཐོབ་ནས་འཚོ་བ་ནི་འཚོ་གོ་ཆོད་པའི་སྤོབས་པ་རྙེད་ཀྱི་འདུག ཁྱོད་ཚོ་ཚང་མས་དེ་རིང་འདིར་ཚེ་སྒྲུབ་དང་འབྲེལ་བའི་ཐོག་ནས་བརྟན་བཞུགས་གནང་བ་རེད། འདི་ཡིས་ཚེའི་བར་ཆད་ཞི་ནས་ཚེ་རིང་དུ་གནས་པ་ལ་ཏན་ཏན་ཕན་ཐོགས་ཡོད་པ་རེད། ཁྱོད་རང་ཚོ་ཚང་མ་གཙོ་བོ་དད་པ་དང་དམ་ཚིག་གཡོ་བ་མེད་པར་གནང་གི་ཡོད་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
བོད་པ་གཙོ་བོར་གྱུར་པའི་ངོས་ལ་དགའ་མོས་བྱེད་མཁན་ཚོས་དགའ་མོས་ཅི་ཙམ་ཡོད་པ་དེའི་ཚོད་ཀྱིས་སོ་སོའི་མི་ཚེ་འདི་བཟང་པོ་ཞིག་བསྐྱལ་བ་ལས་ཕྲག་དོག་དང་ང་རྒྱལ། འགྲན་སེམས་ཀྱི་ཐོག་ནས་བསྐྱལ་བ་ཡིན་ན། ངོས་ལ་དགའ་མོས་བྱས་པའི་དོན་དག་ཚང་གི་ཡོད་པ་མ་རེད། བྱམས་པ་དང་བརྩེ་བའི་ཐོག་ནས་མི་ཚེ་བསྐྱལ་བ་ཡིན་ན། ངོས་ལ་དགའ་མོས་བྱས་པ་མིང་དོན་མཚུངས་པ་ཞིག་ཆགས་ཀྱི་ཡོད། ཚང་མས་ད་ལྟའི་བར་དུ་ཧུར་ཐག་བྱས་པ་རེད། ང་ཚོ་ཧ་ཅང་དུས་ཚོད་གཉན་འཕྲང་ཅན་ཞིག་ལ་ཕྱིན་པ་རེད་དེ། ངོས་ཀྱིས་དེ་ལ་གང་འཚམ་གྱིས་མི་གོ་ཆོད་ཡོད། སླད་ཀྱང་ལོ་ཉི་ཤུ་སུམ་ཅུའི་རིང་ལ་ངོས་ཀྱིས་སངས་རྒྱས་ཀྱི་བསྟན་པ་དང་། འཛམ་གླིང་ཞི་བདེ། བྱེ་བྲག་ཏུ་བོད་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་རྣམས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡག་པོ་ཡོང་ཐུབ་པ་ཞིག་དང་། དེ་རིང་འདིར་ང་ཚོ་རྒྱ་གར་གྱི་ས་ཁུག་ཅིག་ལ་འཚོགས་པ་ནང་བཞིན། རིམ་པས་བོད་གངས་ཅན་གྱི་ལྷ་ལྡན་གཙུག་ལག་ཁང་གི་ཉེ་འདབས་རྩེ་ཕོ་བྲང་གི་མདུན་གྱི་བཞུགས་ཁྲི་གླིང་ག་རྒྱ་ཆེན་པོར་ང་ཚོ་རུག་རུག་བྱེད་པ་དང་། ཁྱོད་རང་ཚོས་ཀྱང་བརྟན་བཞུགས་ཚེ་སྒྲུབ་དེ་འདྲ་གསུངས། ངོས་ཀྱིས་སྨོན་ལམ་ཡག་པོ་ཞིག་བརྒྱབ་རྒྱུ་དེ་ལྟར་ཕལ་ཆེར་ཡོང་བའི་རེ་བ་ཞིག་འདུག ངོས་རང་ལའང་སེམས་ཤུགས་སྐྱེ་བཞིན་ཡོད། ཁྱོད་ཚོ་ཚང་མས་སྙིང་སྟོབས་བསྐྱེད་དེ་ཧུར་ཐག་གནང་རོགས། བཀྲ་ཤིས་བདེ་ལེགས། ཐུགས་རྗེ་ཆེ། ཞེས་བཀའ་སློབ་སྩལ་ཡོད་པ་བཅས། །