༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་མཉམ་མེད་རི་བོ་དགེ་ལྡན་པ་སྤྱི་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བླ་མ་མཆོད་པའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་འཕེལ་རྒྱས་གླིང་ནས་སྤྱན་རྒྱ་སྤོས་འཛིན་དང་བཅས་དུས་དབང་གསུང་ཆོས་ར་བར་ཆིབས་བསྒྱུར་བསྐྱངས་པ་དང་། གསུང་ཆོས་ར་བའི་བཞུགས་ཁྲིར་༸ཞབས་སོར་འཁོད་མཚམས་དགའ་ལྡན་ཁྲི་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་མཇལ་དར་རྐྱང་འབུལ་དང་། ཞལ་འདོན་བླ་མཆོད་བདེ་སྟོང་དབྱེར་མེད་མ་དབུ་ཚུགས་མུར་གསོལ་ཇ་འབྲས་སིལ་འདེགས་འབུལ་ཞུས་མཚམས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་དོན། དེ་རིང་མ་སྒྲིག་ལྷུན་གྲུབ་རང་རེད། ཕྱི་ལོའི་ལོ་གསར་གྱི་མགོ་ཚུགས་པ་རེད། གནས་ཁྱད་པར་ཅན་རྡོ་རྗེ་གདན་ལ་བརྟན་བཞུགས་གནང་བ་དང་། བརྟན་བཞུགས་གནང་མཁན་སེ་འབྲས་དགའ་གསུམ་དང་། དེ་བཞིན་དུ་ས་སྐྱ། བཀའ་བརྒྱུད། རྙིང་མ་བཅས་བོད་ཀྱི་བསྟན་པའི་ཁུར་བཞེས་མཁན་མིང་གི་དབང་གིས་གཙོ་ཆེ་བ་རྣམས་འདིར་ཆེད་དུ་ཕེབས་ནས་བརྟན་བཞུགས་གནང་བཞིན་པ་རེད། རྟེན་འབྲེལ་མཐུ་བཙན་པོ་ཡིན་པས་ཏན་ཏན་ནུས་པ་ཞིག་ཐོན་གྱི་རེད།
ངོས་ལ་ཆ་བཞག་ན་ལོ་བརྒྱ་ཕྲག་གི་རིང་ལ་ལུས་རྟེན་འདིའི་སྟེང་ནས་སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་། ཡང་སྒོས་བོད་གངས་ཅན་གྱི་བསྟན་པ་དང་འགྲོ་བའི་དོན་དུ་གཞན་ཕན་རྒྱ་ཆེན་པོ་ཞིག་སྒྲུབ་ཐུབ་པར་སྨོན་ལམ་རྒྱག་པ་དང་། དམ་བཅའ་འཇོག་གི་ཡོད། ཆེ་ས་ནས་བཤད་ན། ཇི་སྲིད་ནམ་མཁའ་གནས་པ་དང་། །འགྲོ་བ་ཇི་སྲིད་གནས་གྱུར་པ། །དེ་སྲིད་བདག་ནི་གནས་གྱུར་ནས། །འགྲོ་བའི་སྡུག་བསྔལ་སེལ་བར་ཤོག །ཅེས་རྒྱུན་དུ་སྨོན་ལམ་རྒྱག་གི་ཡོད།
ཇི་སྲིད་ནམ་མཁའ་མ་ཟད་ཀྱི་བར་དུ་གཞན་དོན་སྒྲུབ་པའི་སྙིང་སྟོབས་དང་སྨོན་ལམ་རྒྱུན་དུ་རྒྱག་གི་ཡོད། བྱེ་བྲག་ཏུ་བོད་གངས་ཅན་ལྗོངས་ཀྱི་གནས་སྟངས་དཀའ་ངལ་ཞིག་གི་ནང་དུ་བསྡད་ཡོད་པས། ཆོལ་ཁ་གསུམ་གྱི་བོད་རྒྱ་ཆེའི་མི་མང་དང་། དེ་དང་ཆབས་ཅིག་ཧི་མ་ལ་ཡ་རི་རྒྱུད་ཀྱི་བོད་ཀྱི་ཆོས་དང་རིག་གཞུང་གཅིག་གྱུར་ཡིན་པ་ཚང་མས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཡུན་དུ་བརྟན་པའི་ཐོག་ནས་བོད་གངས་ཅན་གྱི་བདེན་མཐའ་མྱུར་དུ་གསལ་བ་ལ་སྙིང་ཁོང་རུས་པའི་གཏིང་ནས་རེ་འདོད་བཅང་གི་ཡོད་པ་རེད།གནས་ཁྱད་པར་ཅན་འདི་ལ་བོད་ཀྱི་རིས་སུ་མ་ཆད་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་ཚོ་བཅས་པས་དེ་རིང་འདིར་བརྟན་བཞུགས་གནང་བཞིན་ཡོད་པ་རེད། བརྟན་བཞུགས་ཀྱི་ནུས་པ་ཏན་ཏན་ཡོང་གི་རེད། ངོས་རང་གིས་སེམས་ཤུགས་བསྐྱེད་ནས་བསྡད་ཡོད། ངོས་ཀྱི་རྨི་ལམ་དུ་ལོ་བརྒྱ་དང་བཅུ་གྲངས་ཤིག་ཏུ་སྡོད་པའི་མཚན་མ་བརྟན་པོ་བྱུང་། དེར་བརྟེན་ལས་དང་སྨོན་ལམ་གྱི་འབྲེལ་བ་ཤུགས་ཆེན་པོ་ཡོད་པས་ངོས་རང་ལོ་བརྒྱ་དང་བཅུ་གྲངས་ཤིག་འཚོ་ཐུབ་པའི་ཕྱི་ནང་གི་རྟེན་འབྲེལ་འཛོམས་ཡོད་པ་ལྟ་བུ་འདུག ངོས་ཀྱིས་སྨོན་ལམ་རྒྱག་པ་དང་ཁྱོད་ཚོས་ཀྱང་དེ་བཞིན་སྨོན་ལམ་ཡག་པོ་རྒྱོབས། དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་ཆང་བཞེས་སྤྲོ་རྒྱུན་མི་ཆད། །ཟེར་བ་དེ་མ་རེད་དམ། དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས་པའི་དགོས་དོན་ནི། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན། ལམ་བསླབ་པ་གསུམ་གྱི་ཉམས་ལེན་བཅས་ལ་བསམ་བློ་གཏོང་དུས་ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་། སྡེ་སྣོད་གསུམ་གྱི་འཆད་ཉན་ལ་ཡིད་ཚིམས་པ་ཞིག་དང་། གང་ལྟར་དེ་རིང་ཁ་སང་འཛམ་བུའི་གླིང་འདིར་ནང་པའི་ཆོས་ཀྱི་མཐོང་ཆེ་རུ་ཆེ་རུ་འགྲོ་བཞིན་ཡོད་པ་རེད།ནུབ་ཕྱོགས་རྒྱབ་ཁབ་ཁག་ཏུ་བར་སྐབས་གཞི་ནས་ནང་པའི་ལྟ་གྲུབ་ལ་དོ་སྣང་ཞིག་སླེབས་ཀྱི་ཡོད། སྔ་མོ་ཡིན་ན་ནང་པའི་ཆོས་ (buddhism) ཟེར་དུས་ཨེ་ཤི་ཡ་རྐྱང་རྐྱང་ཡོད་སར་གོ་བཞིན་ཡོད། དེང་སང་འཛམ་གླིང་ཀུན་ལ་ནང་པ་སངས་རྒྱས་པའི་ལྟ་གྲུབ་དང་། སེམས་ཁམས་རིག་པའི་ཐོག་ལ་དམིགས་བསལ་གྱིས་དོ་སྣང་བྱེད་པ་དང་། ཚན་རིག་པ་མང་པོ་ཞིག་གིས་ཀྱང་དོ་སྣང་བྱེད་བཞིན་འདུག དེར་བརྟེན་ང་ཚོ་བོད་གངས་ཅན་པ་གཅིག་པུ་མ་རེད། རྒྱ་ནག་ལ་ཆ་བཞག་ན། སྔར་ནང་པའི་ལུང་པ་ཞིག་རེད། བར་སྐབས་ནང་པའི་ཆོས་ལ་རྡོག་བརྫིས་དམིགས་བསལ་བཏང་ཡོད་པ་རེད། དེང་སང་གཞི་ནས་རྒྱ་ནག་ཏུ་ནང་ཆོས་ལ་དོ་སྣང་གསར་པ་ཞིག་སླེབས་ཀྱི་ཡོད། དེར་བརྟེན་དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་ལ་འགྱུར་བ་མང་པོ་ཞིག་ཏན་ཏན་ཡོང་ཐུབ་པ་རེད་འདུག ངོས་རང་གི་ངོས་ནས་སེམས་ཤུགས་བསྐྱེད་དེ་ལྷག་བསམ་རྒྱུན་དུ་བཅངས་ནས་སྡོད་བཞིན་ཡོད། དེ་རིང་འདིར་གངས་ཅན་གྱི་རིས་མེད་ཀྱི་ཆོས་བརྒྱུད་བླ་ཆེན་ཚོས་བརྟན་བཞུགས་ཕུལ་བ་རེད། དེ་ཡང་ཕྱི་ལོའི་ལོ་གསར་སྐབས་དང་འཁེལ་ནས་མ་སྒྲིག་ལྷུན་གྲུབ་ཆགས་ཡོད། འདི་དག་ནི་ཕྱི་ནང་གི་རྟེན་འབྲེལ་བཟང་པོ་འཛོམས་པ་ཞིག་རེད་འདུག ངོས་རང་ལ་ཆ་བཞག་ན་གཟུགས་པོ་ཧ་ཅང་བདེ་བོ་ཡོད། ངོས་ཀྱིས་ལབ་ཆོག་ན་ཀླད་པ་ཡང་གྲུང་ཐག་ཆོད་ཡོད། གཟུགས་པོ་བདེ་ཐང་དང་ཀླད་པ་གྲུང་པོ། ག་དུས་ཡིན་ན་ཡང་འཛུམ་ཤིག་ཤིག་གིས་སྡོད་བཞིན་ཡོད། འདི་མུ་མཐུད་ནས་ལོ་བཅོ་ལྔ་སྐོར་ཞིག་ཏན་ཏན་སྡོད་ཀྱི་རེད། ཁྱོད་ཚོ་ཚང་མས་སེམས་སྤྲོ་སེང་ངེའི་ངང་སྙིང་སྟོབས་གོང་ནས་གོང་དུ་འཕེལ་བ་ཞིག་གནང་ཤོག ད་ལྟ་བཤད་མ་ཐག་པ་ལྟར། སངས་རྒྱས་པའི་ཆོས་སྤྱི་དང་། ལྷག་པར་བོད་གངས་ཅན་གྱི་ལྗོངས་ལ་མཁན་ཆེན་ཞི་བ་འཚོ་ནས་མར་བྱུང་བའི་བོད་ཀྱི་སངས་རྒྱས་པའི་ཆོས་ནི། ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཧ་ཅང་ཡག་པོ་རེད། དེང་སང་སེམས་ཁམས་རིག་པའི་ཐོག་ལ་དོ་སྣང་གསར་པ་ཞིག་ཆགས་ཡོད། དེར་བརྟེན་བོད་རྒྱ་ཆེའི་མི་མང་གཙོ་བོར་གྱུར་པའི་བོད་ཀྱི་ཆོས་དང་རིག་གཞུང་ལ་དམིགས་བསལ་གྱིས་དོ་སྣང་ཡོད་མཁན་ཚང་མས་སེམས་ཤུགས་སྒྲིལ་ནས་བསྟན་པ་རིང་དུ་གནས་པ་ལ་སྨོན་ལམ་རྒྱག་གི་ཡོད་རེད་ལ། དེ་ལྟ་བུའི་རེ་འདུན་ཞིག་ཡོད་པ་རེད། ངོས་རང་ལ་ཆ་མཚོན་ན། ད་ལྟའི་བར་དུ་ཧུར་ཐག་བྱས་པ་ཡིན། འཛམ་གླིང་དུ་ཏཱ་ལའི་བླ་མ་ཟེར་དུས་རྒྱུས་ཡོད་པ་ཞིག་དང་། ངོས་ལ་བསམ་ཚུལ་གང་དག་ཡོད་པ་འཛམ་གླིང་གང་ས་གང་དུ་ཤེས་ཡོད་པ་ཞིག་དང་། དོ་སྣང་གསར་པ་བྱེད་པ་ཞིག་ཆགས་ཡོད། དེར་བརྟེན་ངོས་ཡང་ད་དུང་སེམས་ཤུགས་བསྐྱེད་དེ་འཛུམ་ཤིག་ཤིག་གི་ཐོག་ལ་མུ་མཐུད་ནས་ལོ་བཅུ་བཅོ་ལྔ་ལ་སྡོད་པར་སེམས་ཤུགས་སྒྲིལ་བཞིན་ཡོད། ཁྱོད་ཚོ་ཚང་མས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་ཐོངས། བསམ་བློ་བཏང་བའི་དོན་དག་ག་ཚོད་ཐུབ་ཐུབ་ཀྱིས་ལག་ལེན་གྱི་ཐོག་ནས་འཁྱེར་ཐུབ་པ་ཞིག་གིས་མི་ཚེ་བསྐྱལ་བ་ཡིན་ན། བོད་ཁ་བ་གངས་ཅན་གྱི་ལྗོངས་སུ་རྐྱེན་ངན་མང་པོ་ཞིག་བྱུང་བ་རེད་དེ། རྐྱེན་ངན་གྲོགས་སུ་ཤར་བ་ནང་བཞིན་འཛམ་གླིང་འདིར་བོད་ཀྱི་ཆོས་དང་རིག་གཞུང་ཟེར་དུས་དོ་སྣང་གསར་པ་ཞིག་སླེབས་ཡོད། ངོས་ཀྱིས་ཧུར་ཐག་བྱེད་པ་དང་། ཁྱོད་ཚོ་ཚང་མས་ཀྱང་ཧུར་ཐག་གནང་ཤོག །སོ་སོས་ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཉམས་བཞེས་གཟབ་གཟབ་ཅིག་གནང་བ་དང་། སྤྱི་ཡོངས་ཀྱི་ཆ་ནས་བོད་ཀྱི་ཆོས་དང་རིག་གཞུང་འདི་འཛམ་གླིང་སྤྱི་ནོར་ཡིན་བསམ་པའི་ཐོག་ནས་ཉམས་པ་སོར་ཆུད་དང་། མི་ཉམས་གོང་འཕེལ་ཡོང་བ་ལ་ཚང་མས་ཐུགས་ཁུར་བསྐྱེད་རོགས་གནང་ཞུ་རྒྱུ་ཡིན།འདིར་སྐབས་སུ་བབ་པ་རིས་མེད་ཀྱི་བླ་ཆེན་མང་པོ་ཞིག་གིས་དེ་རིང་འདིར་བརྟན་བཞུགས་གནང་བ་རེད། མ་བཅོས་ལྷུན་གྲུབ་ཀྱིས་ལོ་བརྒྱ་ཕྲག་གསར་པའི་ཚེས་མགོ་ཆགས་ཡོད། དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་ང་ཚོར་བཀྲ་ཤིས་པའི་ཉི་མ་ཤར་བའི་མགོ་ཞིག་ཚུགས་ཀྱི་ཡོད་པ་ཞིག་ངོས་ཀྱི་བློ་ལའང་ཡོང་བ་དང་། རྣམ་པ་ཚོའི་ཐུགས་ལའང་དེ་འདྲ་ཞིག་འཆར་གྱི་རེད་ལ། དེ་དོན་གཞིར་བཟུང་ཐུགས་སྨོན་སྐྱབས་འཇུག་རྒྱ་གང་ཆེ་གནང་རོགས་ཞུ་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས་ཞེས་བཀའ་སློབ་སྩལ་རྗེས། སྤྱན་འདྲེན་ཕུན་ཚོགས་བདེ་ལེགས་མའི་མཇུག་ཏུ། ཁྲུས་གསོལ། གང་གི་ཐུགས་རྗེ་མའི་ཡན་ལག་བདུན་པ་སོགས་རིམ་པར་གསུངས་ནས་ཆོག་གཞུང་ལྟར། ཚོགས་རྫས་བྱིན་གྱིས་བརླབས་ཏེ་ཚོགས་འཁོར་ཕུལ། ཚོགས་ལ་རོལ། ཆོ་ག་དཀྱུས་ནས་གསུངས། ཡན་ལག་བདུན་པའི་མྱ་ངན་ལས་པས་མི་འདའ་བར་གསོལ་བ་འདེབས་པའི་སྐབས་སུ། ཤར་རྡོ་རྗེ་མ་ནས་བརྟན་བཞུགས་དངོས་གཞི་གསུངས། ཆོ་གའི་ཚིག་དང་བསྟུན་རྡོ་གདན་ཕུལ། བློ་བཟང་དང་པོ་མ་གསུངས་གྲུབ་མཚམས། གསོལ་འདེབས་མཎྜལ་སྐབས། དགའ་ལྡན་ཁྲི་རིན་པོ་ཆེ་༧རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་གིས་ཚོམ་བུ་འདེགས་འབུལ་དང་འབྲེལ་མཎྜལ་བཤད་པ་བསྐྱོར་ཞིང་། ཤར་བྱང་གི་ཆོས་རྗེ་རྣམ་གཉིས་ནས་རམ་འདེགས་ཞུས་པ་དང་། ཆོ་གའི་ཚིག་དང་བསྟུན་ནས་སྐུ་རྟེན། གསུང་རྟེན། ཐུགས་རྟེན། སྣམ་སྦྱར། བླ་གོས། མཐང་གོས། དབུ་ཞྭ། གདིང་བ། ལྷུང་བཟེད། མཁར་གསིལ། རྒྱལ་སྲིད་སྣ་བདུན། རྟགས་བརྒྱད། རྫས་བརྒྱད་རྣམས་རིམ་པར་ཕུལ། བོད་སོག་མི་རིགས་གཉིས་ཀྱིས་རང་རང་གི་ཐུན་མོང་མ་ཡིན་པའི་རོལ་མོ་དང་གླུ་གར་གྱི་མཆོད་པ་ཕུལ། དབུ་བཞུགས་རྡོ་རྗེ་སློབ་དཔོན་དང་། ཆོས་རྗེ་རྣམ་གཉིས། རྒྱལ་སྤྱི་དགེ་ལྡན་ལྷན་ཚོགས་ཀྱི་འཐུས་མི་བཅུ་གསུམ། སྦྱིན་བདག་སོགས་ནས་མཇལ་ཁ་ཞུས། རྒྱལ་བའི་ཞབས་བརྟན་གསུང་མུར་འབུལ་དངོས་སྤྱན་བསྟར་ཞུས།མཐར་གཏང་རག་མཎྜལ་ཕུལ་ཏེ་དགེ་ལུགས་པ་སྤྱི་ནས་ཕྱི་ལོ་གསར་པའི་ཚེས་གཅིག་ཉིན་གྱི་བརྟན་བཞུགས་ཆོ་ག་གྲུབ་པ་ན། ༧གོང་ས་མཆོག་གིས། གནས་ཁྱད་པར་ཅན་རྡོ་རྗེ་གདན་དུ་ཆོས་འབྲེལ་བྱེད་པ་སོགས་ཧ་ཅང་ཡག་པོ་བྱུང་སོང་། གཙོ་ཆེ་བ་ཁྱོད་ཚོ་སེར་སྐྱ་མི་མང་ལ་དད་པ་དམ་ཚིག་གཡོ་བ་མེད་པར་ཡོད་པ་དེའི་ནུས་པ་ལ་བརྟེན་ནས་ང་ཚོ་སྤྱི་སྒེར་ལ་སྨོན་པའི་ཡུལ་གང་ཡོད་པ་རྣམས་བདེ་ལེགས་སུ་འགྲུབ་ཐུབ་པ་ཞིག་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དཔང་པོ་ལ་བཞུགས་སྟེ། ཐུགས་སྨོན་མཚམས་སྦྱོར་གནང་གི་རེད། བདེན་ཚིག་བརྗོད་ཀྱི་རེད། ངོས་རང་སོ་སོའི་ལས་དང་སྨོན་ལམ་གྱིས་མདོ་སྨད་ཀྱི་ཡུལ་མཐའ་འཁོབ་ནས་སྐྱེས་པ་འདི་ཡིས་བསྟན་པའི་བྱ་བ་གང་འཚམ་ཤུགས་ཆེན་པོ་བྱས་ཡོད་པ་རེད། འདི་དག་འགྲོ་བ་སེམས་ཅན་མང་པོར་ཕན་ཐོགས་ཡོང་བ་ཞིག་དང་། ངོས་རང་གི་ངོས་ནས་ཚེ་རིང་དུ་གནས་པའི་ཐོག་ནས་སྟོན་པ་བཅོམ་ལྡན་འདས་ཀྱི་དགོངས་པ། ཀླུ་སྒྲུབ་ཡབ་སྲས་ལ་སོགས་ཀྱི་དགོངས་པ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ཡབ་སྲས་ཀྱི་ཐུགས་ཀྱི་བཞེད་པ་ཇི་ལྟར་ཡོད་པ་བཞིན་དུ་སྒྲུབ་ཐུབ་པ་ལ་སྨོན་ལམ་ཞུ་རྒྱུ་ཡིན། ཁྱོད་ཚོས་ཀྱང་སྨོན་ལམ་གནང་ཤོག །བཀྲ་ཤིས་བདེ་ལེགས་ཞེས་བཀའ་སློབ་སྩལ་རྗེས་སྤོས་སྣེ་དང་བཅས་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་བཅས་བརྟན་བཞུགས་ཀྱི་གནང་སྒོ་ཁག་ལེགས་པར་གྲུབ་ཡོད་པ་བཅས།།