༄༅། །མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་ཕར་ནན་ཌི་ (Fernand de Varennes) ལགས་དང་། ཨེ་ལེག་ཛན་ཌི་ར་ (Alexandra Xanthaki) ལགས། ཞ་ཧེ་ཌི་ (Farida Shaheed) ལགས། ནཱ་ཛི་ལ་ (Nazila Ghanea) ལགས་བཅས་ཐུན་མོང་གིས་ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༡ ཉིན་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་རིག་གཞུང་སིམ་ཡལ་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ་བོད་མིའི་རིག་གཞུང་དང་ཤེས་ཡོན་གྱི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་དང་། དེ་བཞིན་ཆོས་དད་རང་དབང་སོགས་ཀྱི་ཐོག་དྲག་གནོན་བྱེད་བཞིན་པར་ཐུགས་འཚབ་དང་སྦྲགས་རྒྱ་ནག་གཞུང་གིས་གནད་དོན་དེའི་ཐད་ཉིན་གྲངས་ ༦༠ ནང་ལན་འདེབས་འབུལ་དགོས་པའི་ཤོག་གྲངས་ ༡༧ ཅན་གྱི་ཡི་གེ་ཞིག་རྒྱ་ནག་གཞུང་ལ་ཕུལ་གནང་ཡོད་པ་མ་ཟད། ལྷག་པར་ཡི་གེ་དེའི་ནང་རྒྱ་ནག་གཞུང་གིས་ལས་གཞི་ཆེན་པོ་ཞིག་སྤེལ་ནས་བོད་པའི་ཕྲུ་གུ་རྣམས་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་སྟེ་བོད་མིའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་ཧན་མི་རིགས་ཀྱི་རིག་གཞུང་ཅན་དུ་སྒྱུར་བཞིན་པར་ཧ་ཅང་ཐུགས་འཚབ་ཡོད་པའི་སྐོར་ཉེ་ཆར་ཡོངས་ཁྱབ་ཀྱིས་གསལ་བསྒྲགས་གནང་ཡོད།
ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ (UN High Commissioner for Human Rights) ཚོགས་གཙོ་སྐུ་ཞབས་ཝོལ་ཀར་ཊར་ཀི་ (Volker Turk) མཆོག་ལ་རེ་སྐུའི་ཞུ་ཡིག་ཅིག་ཕུལ་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཡོངས་རྫོགས་ནས་ལོ་ ༤ ནས་ ༡༨ ལ་སོན་པའི་བོད་པའི་ཕྲུ་གུ་གྲངས་ས་ཡ་གཅིག་ཙམ་རྒྱ་ནག་གཞུང་གི་སྟངས་འཛིན་འོག་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་གི་ནང་བཏང་སྟེ་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་བཞིན་ཡོད་པ་མ་ཟད། ཆབ་སྲིད་ཀྱི་སློབ་གསོ་དེ་བརྒྱུད་བོད་པའི་ངོ་བོའི་རྩ་བ་སྟེ་ཆོས་དང་རིག་གཞུང་། སྐད་ཡིག ཡུལ་སྲོལ་གོམས་གཤིས་སོགས་རྩ་གཏོར་དང་། བོད་ས་ཡོངས་རྫོགས་སུ་རིགས་རྫས་ (DNA) ཞེས་པའི་གནས་ཚུལ་བསྡུ་རུབ་བྱས་དང་བྱེད་བཞིན་པའི་སྐོར་རང་དབང་གི་སྒོ་ནས་རྟོག་ཞིབ་གནང་དགོས་པའི་འབོད་སྐུལ་ཞུས་གནང་ཡོད།
ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་མཁས་པ་བཞི་ནས་རྒྱ་ནག་གཞུང་གིས་ལས་གཞི་ཆེན་པོ་ཞིག་སྤེལ་ནས་བོད་པའི་ཕྲུ་གུ་རྣམས་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་སྟེ་བོད་མིའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་ཧན་མི་རིགས་ཀྱི་རིག་གཞུང་ཅན་དུ་སྒྱུར་བཞིན་པར་ཐུགས་འཚབ་གནང་བར། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་དགའ་བསུ་དང་འབྲེལ་རྒྱ་ནག་གཞུང་གིས་བོད་པའི་ཕྲུ་གུ་རྣམས་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་སྟེ་བོད་མིའི་ཆོས་དང་། རིག་གཞུང་། སྐད་ཡིག ངོ་བོ། ཡུལ་སྲོལ་གོམས་གཤིས་སོགས་རིམ་པས་རྩ་གཏོར་གཏོང་བཞིན་པར་ཧ་ཅང་ཐུགས་འཚབ་ཡོད་སྐོར་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་རྒྱ་ནག་གཞུང་ལ་བོད་ནང་གི་ཛ་དྲག་གི་གནད་དོན་དེ་དག་གི་སྐོར་རང་དབང་གི་སྒོ་ནས་རྟོག་ཞིབ་གནང་དུ་འཇུག་དགོས་པའི་འབོད་སྐུལ་གནང་རོགས་ཞེས་རེ་སྐུལ་ཞུས་གནང་ཡོད།
ཕྱི་དྲིལ་ལས་ཁུངས་ནས་ཀྱང་རྒྱལ་ཚོགས་ཀྱི་ཆེད་མཁས་པ་རྣམ་པ་དང་། སྲིད་གཞུང་ཁག གྲོས་ཚོགས་འཐུས་མི་ཁག དེ་བཞིན་བོད་དོན་རྒྱབ་སྐྱོར་བ་དང་། གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་སོགས་ནས་བོད་ནང་རང་དབང་སླར་གསོ་ཡོང་ཐབས་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་བཅས།།