༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༠༡ ཚེས་ ༡༤ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བྷཱ་རཏ་ཏིབྦཏ་སམནྱ་སཾགྷ་ (Bharat Tibbat Samanvay Sangh) ཞེས་པ་དབུ་བཙུགས་ནས་ལོ་ངོ་གཉིས་ཧྲིལ་པོ་འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་འདུག
དེ་ཡང་གོང་ཚེས་ཉིན་རྒྱ་གར་གྱི་ས་གནས་འདྲ་མིན་ནང་ཡོད་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibbat Samanvay Sangh) ཞེས་པའི་ཡན་ལག་ཚོགས་པ་རྣམས་ནས་བོད་མི་དང་ལྷན་དུས་ཆེན་སྲུང་བརྩི་ཞུས་འདུག་ཅིང་། སྐབས་དེར་བོད་དོན་རྒྱབ་སྐྱོར་ཚོགས་པ་དེའི་ཚོགས་མི་རྣམས་ས་གནས་སོ་སོའི་བོད་མིའི་གཞིས་ཆགས་ཁག་དང་སུད་ཚོང་ཁྲོམ་ས་སོ་སོར་ཕེབས་ཏེ་འཕགས་བོད་གཉིས་ཀྱི་འབྲེལ་ལམ་བཟང་དུ་གཏོང་སླད་ལས་འགུལ་ཁག་གཅིག་སྤེལ་ཏེ་དུས་ཆེན་གཟབ་རྒྱས་ངང་སྲུང་བརྩི་ཞུས་འདུག
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་དོན་རྒྱབ་སྐྱོར་ཚོགས་པ་དེའི་བུད་མེད་ཚན་པའི་ཚོགས་གཙོ་ལྕམ་སན་དཱ་ཡ་སིངྒ་ (Sandhya Singh) ལགས་ཀྱི་འགོ་ཁྲིད་འོག་ (Bharat Tibbat Samanvay Sangh) ཞེས་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཉིད་དབུ་བཙུགས་ནས་ལོ་ངོ་གཉིས་འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་འདུག་པ་དང་། སྐབས་དེར་བུད་མེད་ཚན་པའི་ཚོགས་གཙོ་ལྕམ་སནདྱ་སིངྒ་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་སྐབས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Bharat Tibbat Samanvay Sangh) ཚོགས་མི་དང་ལས་བྱེད་ཡོངས་ལ་འཚམས་འདྲི་གནང་བ་དང་སྦྲགས། ཚོགས་པ་དེ་ཉིད་བཙུགས་དགོས་པའི་དམིགས་ཡུལ་ངོ་སྤྲོད་གནང་འདུག འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་སྐུ་ཚབ་ཆོས་ཉིད་ཚེ་རིང་ལགས་ཀྱིས་འཚམས་འདྲི་དང་བཅས་ཚོགས་པས་བོད་དོན་ལ་དམིགས་ཏེ་ལས་དོན་བརྩམས་པ་རྣམས་ལ་ལེགས་གསོལ་བསྔགས་བརྗོད་དང་། སླད་ཀྱང་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག
གཞན་ཡང་སྐབས་དེར་ཚོགས་བཅར་བ་རྣམས་ཀྱིས་རྒྱ་གར་གྱི་མ་ཀར་སཾཀྲནྟི་དང་། ལོ་རི་ཞེས་པའི་དུས་ཆེན་དང་སྟབས་ཁེལ་ཡོད་པས་བཀྲ་ཤིས་རྟེན་འབྲེལ་མཚོན་ཆེད་མངར་ཟས་དང་ལེགས་སྐྱེས་བརྗེ་ལེན་གནང་འདུག་ཅིང་། མཛད་སྒོ་གྲོལ་རྗེས་རྒྱ་གར་དུ་འཚོགས་གཏན་ཁེལ་བའི་འཛམ་གླིང་རྒྱལ་ཁབ་ཉི་ཤུའི་ཚོགས་འདུ་དང་རྒྱ་གར་གྱི་རིག་གཞུང་གི་བརྡ་ལན་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུག་པ་བཅས།།