༄༅། །བོད་མིའི་སྒྲིག་འཛུགས་ནས་ཕྱི་ལོ་ ༢༠༢༣ ཟླ་ ༠༡ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་རྒྱ་གར་མི་སེར་རྒྱལ་ཁབ་ཀྱི་ཉིན་མོའི་དུས་ཆེན་ཐེངས་ ༧༤ པ་སྲུང་བརྩི་ཞུས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་དཔེ་ཟུར་དབང་འདུས་ཚེ་རིང་ལགས། སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་ཨརྱ་པདྨ་དགྲ་འདུལ་ལགས། སྤྱི་འཐུས་རྒྱུན་ལས་ཁག་གཅིག དེ་བཞིན་ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ་དང་སྲི་ཞུ་བ་དྲུང་གཞོན་ཡན་གྱི་ལས་བྱེད་རྣམ་པ་བཅས་ནས་རང་ལུགས་ན་བཟའ་བཞེས་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་སྐྱིད་སྲི་བཟློག་མཆོད་རྟེན་གྱི་མདུན་ཐང་དུ་ལྷན་འཛོམས་ཀྱིས་རྒྱ་གར་གྱི་རྒྱལ་གླུ་གདངས་དབྱངས་སུ་གྱེར་བཞིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་གྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ནས་རྒྱ་གར་མི་སེར་རྒྱལ་ཁབ་ཀྱི་ཉིན་མོའི་དུས་ཆེན་ཐེངས་ ༧༤ པ་སྲུང་བརྩི་ཞུས་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསར་འགོད་པར་གསུང་དོན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ལོ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་སུ་རྒྱ་གར་གཞུང་མང་གཉིས་ལ་འབྲེལ་བ་ཡོད་པའི་དུས་ཆེན་ཁྱད་པར་ཅན་ཁག་གཅིག་སྲུང་བརྩི་ཞུ་ཡི་ཡོད་པའི་ཁྲོད་ནས་གཅིག་ནི་རྒྱ་གར་མི་སེར་རྒྱལ་ཁབ་ཀྱི་ཉིན་མོའི་དུས་ཆེན་དེ་ཡིན། རྒྱ་གར་ལ་རང་བཙན་ཐོབ་ནས་ལོ་གསུམ་གྱི་རྗེས་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་ཆགས་པ་རེད། སྤྱི་མཐུན་རྒྱལ་ཁབ་ཆགས་པའི་ཉིན་མོ་ནས་བཟུང་རྒྱ་གར་དེ་ཉིད་དབང་བསྒྱུར་བྱེད་མཁན་གྱི་ཨིན་ཡུལ་རྒྱ་སྐྱེད་རིང་ལུགས་ལས་གྲོལ་ཐུབ་ཡོད་པ་མ་ཟད། རྒྱ་གར་གྱིས་རྩ་ཁྲིམས་དངོས་སུ་ལག་བསྟར་གནང་འགོ་བཙུགས་ཏེ་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་འོས་བསྡུའི་ལམ་ནས་བདམས་ཡོད་སྟབས་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་གལ་ཆེན་པོ་ཆགས་ཡོད།རྒྱ་གར་ཐོག་མར་ཨིན་ཡུལ་གཞུང་གི་ཁེ་ལས་བཟོ་ཚོང་ཁང་ (East India Company) གི་དབང་བསྒྱུར་འོག་ནས་རང་བཙན་ཐོབ་པ་མ་ཟད། སྤྱི་མཐུན་རྒྱལ་ཁབ་ཆགས་ཡོད། རྒྱ་གར་གཞུང་མང་གཉིས་ནི་བོད་མི་རྣམས་ལ་ཧ་ཅང་བཀའ་དྲིན་ཆེན་པོ་རེད། ང་ཚོ་ངོས་ནས་རྒྱ་གར་གཞུང་མང་གཉིས་ལ་སྐྱིད་སྡུག་མཉམ་མྱོང་མཚོན་ཆེད་དུ་དུས་ཆེན་སྲུང་བརྩི་ཞུ་ཡི་ཡོད། མ་འོངས་པར་བོད་ལ་སྐྱིད་པའི་ཉི་མ་ཞིག་ཤར་ནས་ང་ཚོ་བོད་ལ་ལོག་སྟེ་གཞིས་བྱེས་བོད་མི་རྣམས་དགའ་སྤྲོའི་ངང་འཛོམས་ཐུབ་པའི་རེ་བ་རྒྱག་གི་ཡོད། བོད་ནང་གི་བོད་མི་རྣམས་དཀའ་ངལ་ཆེན་པོའི་འོག་གནས་ཡོད་པ་མ་ཟད། བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ལྷག་པར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་བོད་མི་མང་པོའི་ཚེ་སྲོག་ཤོར་ཡོད། བོད་མིའི་སྒྲིག་འཛུགས་ནས་རེས་གཟའ་ལྷག་པ་ནམ་ཡིན་ལ་ལས་ཁུངས་མ་གྲོལ་གོང་ཆུ་ཚོད་གཅིག་རིང་བོད་ནང་གི་བོད་མི་རྣམས་ཀྱི་ཆེད་དུ་སྒྲོལ་མའི་གཟུངས་སྔགས་བགྲང་གི་ཡོད། ང་ཚོ་ཚང་མས་བོད་ནང་གི་བོད་མི་རྣམས་ཀྱི་མངོན་འདོད་འགྲུབ་སླད་མཉམ་རུབ་ཀྱིས་ལས་དོན་སྒྲུབ་དགོས་ཞེས་གསུངས།དེ་རྗེས་གངས་སྐྱིད་སྲི་བཟློག་མཆོད་རྟེན་མདུན་ཐང་དུ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྲི་ཞུ་བ་དྲུང་གཞོན་ཡན་གྱི་ལས་བྱེད་རྣམས་ལ་མངར་ཟས་འདེགས་འབུལ་ཞུས་ཏེ་རྒྱ་གར་མི་སེར་རྒྱལ་ཁབ་ཀྱི་ཉིན་མོའི་དུས་ཆེན་ཐེངས་ ༧༤ པའི་མཛད་སྒོ་དེ་བཞིན་གཟབ་རྒྱས་ངང་སྲུང་བརྩི་ཞུས་གནང་ཡོད་བཅས།།