༄༅། ། འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༡༨ ནས་ ༢༢ བར་རྒྱ་གར་རཱཇསྠན་མངའ་སྡེའི་གྲོང་ཁྱེར་ཨུ་སྡེ་པུར་ (Udaipur) དང་། མ་འོང་ཊི་ཨ་བྷུ། (Mt. Abu) ཇོཏ་པུར། (Jodhpur) ཨ་ཇེ་མེར། (Ajmer) ཇེ་སྤུར་ (Jaipur) སུད་ཚོང་ས་གནས་གཉིས། སི་ཀར། (Sikar) ཨལ་ཝར་ (Alwar) བཅས་ཀྱི་བོད་མི་སུད་ཚོང་བའི་ས་གནས་སུ་རིམ་པས་ཆེད་ཕེབས་ཀྱིས་སུད་ཚོང་བ་མི་མང་རྣམས་ཐུག་འཕྲད་དང་། གནས་སྟངས་གཟིགས་ཞིབ་གནང་རྗེས། རཱཇསྠན་མངའ་སྡེའི་ནང་གི་གཞུང་འབྲེལ་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་ཡོད།སུད་ཚོང་མི་མང་རྣམས་སོ་སོར་ཐུག་འཕྲད་སྐབས། བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐོར། བོད་ནང་གི་ཛ་དྲག་གནས་སྟངས། མང་གཙོའི་སྒྲོམ་གཞི་དང་། བོད་མིའི་ལས་འགན་སྐོར་བཅས་ཀྱི་ཐོག་གསུང་བཤད་གནང་ཡོད་འདུག གཞན་ཡང་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་རཱཇསྠན་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་མཱ་ནི་ཤཱ་པན་ཝར་ (Hon’ble MLA Smt. Manisha Panwar) མཆོག་དང་། མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་སུར་ཡ་ཀན་ཊ་ཝིཡ་ས་ (Hon’ble MLA Smt. Surya Kanta Vyas) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཧེན་དྷར་ཝི་ཤ་ནོཡེ་ (Hon’ble MLA Shri. Mahendra Vishnoi) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་མལ་ཀན་སིངྒ་ བྷི་ཤ་ནོཡེ་ (former Hon’ble MLA Shri. Malkan Singh Bishnoi) མཆོག་བཅས་དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་བོད་དོན་དང་། རྒྱ་དཀར་ནག་དབར་གྱི་འབྲེལ་བའི་སྐོར་ཞུས་པ་དང་། དེ་བཞིན་མངའ་གཞུང་ནས་མི་ལོ་བཅུ་ཕྲག་དུ་མའི་རིང་ས་གནས་བོད་མི་སུད་ཚོང་བ་རྣམས་ལ་མཐུན་འགྱུར་གང་ལེགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག ས་བགོས་ཕྱོགས་བསྐྱོད་སྐབས་ས་གནས་བོད་མི་སུད་ཚོང་བ་ཚོས་སྤྱི་འཐུས་མཆོག་ལ་བདེ་སྡུག་གང་ཞུས་པ་རྣམས་མངའ་སྡེའི་དཔོན་རིགས་རྣམས་ལ་སྙན་སེང་དང་། མངའ་གཞུང་ནས་འབྱུང་འགྱུར་དཀའ་སེལ་མཐུན་འགྱུར་གནང་སྐྱོང་ཡོང་བའི་རེ་སྐུལ་བཅས་ཞུས་གནང་འདུགདེ་བཞིན་བོད་མི་མང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་ཀྱིས་ས་གནས་ཀྱི་གསར་འགོད་པ་ཁག་ཅིག་དང་ལྷན་ཐུག་འཕྲད་ཀྱིས་ཐེངས་འདིའི་རཱཇསྠན་མངའ་སྡེའི་ནང་གི་ལས་རིམ་ཁག་དང་། བཙན་བྱོལ་བོད་མིའི་གནས་སྟངས་སྐོར་ངོ་སྤྲོད་གནང་འདུག རཱཇསྠན་མངའ་སྡེའི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་ཕེབས་སྐབས། ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་རེ་ཤམ་བྷ་ལ་ (Smt. Resham Bala) ལགས་དང་། དྲུང་ཆེ་སྐུ་ཞབས་ཨིག་བྷལ་སའོ་དྷ་གྷར་ (Shri. Iqbal Saudagar) ལགས་རྣམ་གཉིས་ཀྱིས་མཐུན་འགྱུར་གང་ལེགས་གནང་འདུག་པ་བཅས།།