༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསར་དུ་བདམས་ཐོན་བྱུང་བའི་ནིའུ་ཛི་ལེནྜའི་ (New Zealand) སྲིད་བློན་ཀི་རི་སི་ཧིཔ་ཀིན་(Chris Hipkins) མཆོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། ནིའུ་ཛི་ལེནྜ་ནས་ཕྱི་ལོ་ ༡༩༩༠ ནས་བཟུང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནིའུ་ཛི་ལེནྜའི་ནང་ཐེངས་འགའ་གདན་འདྲེན་ཞུས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ནིའུ་ཛི་ལེནྜའི་གཞུང་མང་གཉིས་ནས་བཙན་བྱོལ་བོད་མི་རྣམས་ལ་སྡོད་ཁང་གི་ཆེད་དུ་རོགས་རམ་དང་། དེ་བཞིན་བོད་མིའི་བདེན་པའི་འཐབ་རྩོད་དང་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་གཉིས་སྨན་དབུ་མའི་ལམ་གྱི་ཐབས་ལམ་བཏོན་གནང་པར་བོད་རྒྱ་ཆེ་མི་མང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གོ་བསྡུར་སྦྱངས་བཤད་རིམ་པ་གནང་རྗེས་མང་གཙོའི་ལམ་ནས་གཏན་འབེབས་གནང་བའི་སྲིད་བྱུས་ལ་ནིའུ་ཛི་ལེནྜའི་གཞུང་མང་གཉིས་ནས་རྒྱུན་དུ་རྒྱབ་སྐྱོར་གནང་པར་ངས་གོ་སྐབས་འདི་བརྒྱུད་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་དང་།
གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། སྐུ་ཉིད་ཀྱི་དབུ་ཁྲིད་འོག་ནིའུ་ཛི་ལེནྜ་ནས་མུ་མཐུད་བོད་དོན་དེ་བཞིན་ཛ་དྲག་ཅན་ཡིན་པ་གཟིགས་ཏེ་རྒྱབ་སྐྱོར་ཤུགས་ཆེ་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པའི་རེ་བ་ཡོད། ཅེས་འཁོད།།