༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༩ ཉིན་ཨོསྟྲེ་ལི་ཡཱ་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་ཨོསྟྲེ་ལི་ཡཱའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་པེ་ནི་ཝོང་ (Penny Wong) མཆོག་ལ་རྒྱ་ནག་ནང་བདུན་ཕྲག་གཅིག་རིང་གཟིགས་སྐོར་ཕེབས་སྐབས་བོད་དོན་སྐོར་གླེང་སློང་ཤུགས་ཆེ་གནང་དགོས་པའི་ཞུ་ཡིག་ཅིག་ཕུལ་བའི་ནང་འཁོད་དོན།
ལྕམ་སྐུ་མཆོག་གིས་རྒྱ་ནག་ནང་བདུན་ཕྲག་གཅིག་རིང་གཟིགས་སྐོར་ཕེབས་སྐབས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ (Wang Yi) དང་། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོ་དང་མཉམ་དུ་བོད་ཀྱི་ཐུན་མོང་མིན་པའི་ཆོས་དང་རིག་གཞུང་། ངོ་བོ་བཅས་སྲུང་སྐྱོབ་དགོས་པའི་སྐོར་གླེང་སློང་ཤུགས་ཆེ་གནང་དགོས་པའི་རེ་སྐུལ་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་ཕྱི་ལོ་ ༡༩༩༥ ལོ་ནས་བཟུང་གར་སོང་ཆ་མེད་དུ་གྱུར་ཡོད་པའི་སྐོར་དང་། དེ་བཞིན་བོད་མི་སྟོང་ཕྲག་མང་པོ་རྒྱ་ནག་གཞུང་གི་བཙོན་ཁང་ནང་དཀའ་སྡུག་མྱོང་བཞིན་ཡོད་སྟབས། ལྕམ་སྐུ་མཆོག་གིས་རྒྱ་ནག་གཞུང་ལ་རྒྱལ་སྤྱིའི་ཁྲིམས་དང་ཡོངས་ཁྱབ་རང་དབང་ལ་བརྩི་སྲུང་བྱས་ཏེ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་གང་དུ་ཡོད་མེད་འཕྲལ་དུ་གསལ་བསྒྲགས་དང་། བོད་མི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན། ཞེས་དང་།
རྒྱ་ནག་གཞུང་གི་དྲག་གནོན་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་ཏེ་བོད་ཀྱི་རིག་གཞུང་དང་ངོ་བོ་བཅས་མཉམ་བསྲེས་གཏོང་བཞིན་ཡོད་པ་མ་ཟད། བོད་ཀྱི་ཁོར་ཡུག་ལ་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད་སྟབས་ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་ཅན་དུ་གྱུར་ཡོད་པ་དང་། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ནང་བོད་མི་ཁྱོན་བསྡོམས་གྲངས་ ༡༥༧ གྱིས་རང་ལུས་མེར་སྲེག་བཏང་སྟེ་བོད་ལ་རང་དབང་དགོས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཆིབས་སྒྱུར་བསྐྱང་གནང་ཡོང་བའི་སྐད་འབོད་གནང་ཡོད། འདི་ལོའི་ལོ་སྟོད་དུ་ལོ་ ༢༥ ཡིན་པ་གཞས་པ་གྲགས་ཅན་ཚེ་དབང་ནོར་བུ་ལགས་ཀྱིས་བོད་ཀྱི་རྒྱལ་སར་རང་ལུས་མེར་སྲེག་བཏང་བ་དང་། རང་ལོ་ ༨༡ ཡིན་པའི་བཀྲ་ཕུན་ལགས་ཀྱིས་རྔ་པ་ཀིརྟི་དགོན་པར་ལྟ་རྟོག་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་མདུན་དུ་རང་ལུས་མེར་སྲེག་བཏང་བ་སོགས་འཁོད་ཡོད།
ཕྱོགས་མཚུམས་ཞུ་ཡིག་ནང་རྒྱ་ནག་གཞུང་གིས་བོད་པའི་ཕྲུ་གུ་ས་ཡ་གཅིག་ཙམ་ཕ་མ་དང་ཁ་བྲལ་བཅུག་སྟེ་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་ཡོད་པ་དང་། ལོ་ན་དྲུག་ལ་སོན་པའི་བོད་པའི་ཕྲུ་གུ་རྣམས་ཚུད་པའི་རྒྱ་ཆེ་བའི་བོད་མིའི་རིགས་རྫས་ (DNA) སྡུད་ལེན་བྱས་ཡོད་པ། ལྕམ་སྐུ་མཆོག་ནས་ཐེངས་འདིའི་རྒྱ་ནག་ནང་གཟིགས་སྐོར་སྐབས་གོ་སྐབས་བེད་སྤྱོད་བཏང་སྟེ་ཨོསྟྲེ་ལི་ཡཱའི་གཞུང་གིས་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་ཐུགས་འཚབ་གནང་བཞིན་པའི་སྐོར་གཙོ་འདོན་གྱིས་མང་ཚོགས་ལ་བསྒྲགས་གཏམ་ཤུགས་ཆེ་ཞིག་སྤེལ་དགོས་པ་མ་ཟད། རྒྱ་ནག་གཞུང་ལ་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གམ་མགོན་པོ་གང་ཉིད་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་ཞུ་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད།
དེ་བཞིན་ཨོསྟྲེ་ལི་ཡཱ་བོད་དོན་ལྷན་ཚོགས་ (Australia Tibet Council) ནས་ཀྱང་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༠ ཉིན་ཨོསྟྲེ་ལི་ཡཱའི་ཕྱི་སྲིད་བློན་ཆེན་ལྕམ་སྐུ་པེ་ནི་ཝོང་མཆོག་ལ་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་མཆོག་སྐུ་གཟུགས་གསལ་ཐང་དང་སྐུ་འཚོ་བཞུགས་ཡིན་མིན་སྐོར་དང་། རྒྱ་ནག་གཞུང་གིས་བོད་པའི་ཕྲུ་གུ་བརྒྱ་ཆ་ ༨༠ ཙམ་ཕ་མ་དང་ཁ་བྲལ་བཅུག་སྟེ་མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཏང་ཡོད་པ་སོགས་ཀྱི་སྐོར་གླེང་སློང་གནང་དགོས་པའི་ཞུ་ཡིག་ཕུལ་ཡོད་པ་བཅས།།