༄༅། །འདི་ལོར་ཨོསྟྲི་ལི་ཡཱ་བོད་རིགས་ཚོགས་པ་ཁག་གི་ལོ་འཁོར་འགན་འཛིན་ལྷན་ཚོགས་ཐེངས་དྲུག་པའི་སྐབས་ཐག་གཅོད་བྱུང་བ་བཞིན་དབྱར་ཁའི་སློབ་གྲྭའི་གུང་གསེང་དང་བསྟུན། ཨོསྟྲི་ལི་ཡཱའི་ནའོ་ར་དང་། ཀེན་བྷེ་ར། སིཊ་ནི། གནས་མཁར་གསར། མེལ་སྦོན་ཁུལ་གྱི་གཟའ་མཇུག་སློབ་གྲྭའི་ལོ་ན་བཅུ་ནས་བཅུ་བདུན་བར་གྱི་སློབ་ཕྲུག་གྲངས་ ༡༦ དང་ལྟ་རྟོག་གནང་མཁན་ཕ་མ་གྲངས་ལྔ་བཅས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེ་ལ་སློབ་སྦྱོང་སྐོར་སྐྱོད་ཕེབས་འགོ་བཙུགས་ཡོད།
སློབ་ཕྲུག་དེ་དག་གིས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༦ ནས་ཕྱི་ལོ་ ༢༠༢༣ ཟླ་ ༠༡ ཚེས་ ༢༥ བར་དུས་ཡུན་ཟླ་གྲངས་གཅིག་རིང་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེ་ནས་བོད་ཀྱི་སྐད་ཡིག་དང་། ལོ་རྒྱུས། རིག་གཞུང་། རོལ་མོ། གཞས་སྣ་འཁྲབ་སྟོན། ནང་ཆོས་སོགས་ལ་སྦྱང་བརྩོན་གནང་རྒྱུ་ཡིན་པ་མ་ཟད། འབྲེལ་ཡོད་ནས་ས་གནས་ཀྱི་དགོན་སྡེ་ཁག་དང་གཞིས་ཆགས་ཁག་ལ་སྐོར་སྐྱོད་དུ་ཁྲིད་གནང་རྒྱུ་ཡིན་ཞིང་། ཤེས་ཡོན་གྱི་ལས་གཞི་དེ་ནི། ཨོསྟྲི་ལི་ཡཱ་བོད་རིགས་ཚོགས་པ་ཁག་དང་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེ་ཐུན་མོང་གིས་སྤེལ་བའི་ལས་གཞི་ཐོག་མ་དེ་ཡིན་པ་བཅས།།