༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ནས་ལོ་ངོ་སོ་གསུམ་འཁོར་བའི་དུས་ཆེན་འདིར། བོད་མིའི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་དང་། བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ལ་སྒོ་གསུམ་གུས་ཕྱག་ཕུལ་བའི་ཐོག་ནས། གདན་ཞུས་ལྟར་ཆེད་ཕེབས་གནང་བའི་རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པ་དང་། ཐད་སྐྱོང་ས་ཁུལ་ལ་དྭགས་ནས་ཕེབས་པའི་སྐུ་མགྲོན་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ། བོད་དོན་རྒྱབ་སྐྱོར་བྱེད་མཁན་གཞུང་སྒེར་ཡོངས། གཞིས་བྱེས་བོད་མི་བཅས་ལ་དགའ་སྤྲོའི་ངང་དུས་ཆེན་གྱི་འཚམས་འདྲི་ཞུ་གི་ཡོད།
འཛམ་གླིང་དུ་སྙན་གྲགས་ཆེ་བའི་གཟེངས་རྟགས་འདི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་མཛད་པ་ནི། ༸མགོན་པོ་གང་ཉིད་ཀྱིས་བོད་དོན་བདེན་མཐའ་གསལ་ཐབས་ཆེད་ཐོག་མཐའ་བར་གསུམ་དུ་འཚེ་མེད་ཞི་བའི་ཐབས་ལམ་རྒྱུན་འཁྱོངས་གནང་བ་དང་། རྒྱལ་སྤྱིའི་རྩོད་རྙོག་འདུམ་འགྲིག་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན། གོ་ལའི་ཁོར་ཡུག་གི་གནད་དོན་ཐད་དགེ་མཚན་ལྡན་ཞིང་གཟིགས་རྒྱང་ཡངས་པའི་དགོངས་ཚུལ་འདོན་གནང་མཛད་པ་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཚོགས་ཆུང་གིས་ངོས་འཛིན་ཆེ་བསྟོད་ཞུས་པའི་མཚོན་བྱེད་ཅིག་ཡིན།
དམག་འཁྲུག་གི་དུས་རབས་སྔ་མའི་བསླབ་བྱ་བླངས་ཏེ། དུས་རབས་ཉེར་གཅིག་པ་འདི་གྲོས་མོལ་དང་ཞི་བདེའི་འཛམ་གླིང་ཞིག་ཏུ་འགྱུར་ཐུབ་པའི་ང་ཚོའི་རེ་སྨོན་དེ་རེ་བ་བརྒྱབ་པ་ནང་བཞིན་ཡོང་ཐུབ་ཀྱི་མེད་པས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དཀྱེལ་ཡངས་ཀྱི་དགོངས་པ་རྣམས་འགྲོ་བ་མི་སྤྱི་ཡོངས་ལ་མུ་མཐུད་དགོས་གལ་ཆེན་པོ་ཆགས་ཡོད་པ་མངོན་གསལ་ཡིན།
ཞི་བདེ་ཞེས་པ་ནི་འཁྲུག་རྩོད་མེད་པའི་ཞི་བ་དང་། དགྲར་འཛིན་མེད་པའི་བདེ་བ་ལ་གོ་བ་ཡིན་ཞིང་། འཛམ་གླིང་ཞི་བདེ་ཡོང་བའི་འགྲོ་བ་མི་སྤྱི་ཡོངས་ཀྱི་འདོད་འདུན་འདི་འགྲུབ་པ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་བྱམས་བརྩེའི་གདམས་ངག་འབོགས་བཞིན་ཡོད་པ་སྟེ། དེ་ཡང་འགྲོ་བ་མི་རྣམས་མི་རིགས་དང་། ཆོས་ལུགས། རྒྱལ་ཁབ་ཀྱི་སྒོ་ནས་རིས་སུ་གཅོད་པ་མིན་པར། གཅིག་གྱུར་གྱི་འདུ་ཤེས་བཟུང་སྟེ། བྱམས་བརྩེ་དང་། སྙིང་རྗེ། གཞན་ཕན་སོགས་འགྲོ་བ་མིའི་ཀུན་ཁྱབ་བཟང་སྤྱོད་ཀྱི་རིན་ཐང་ཡར་རྒྱས་གཏོང་དགོས་པའི་སྐུལ་འདེབས་མཛད་ཅིང་། ནང་ཆོས་ཀྱི་ཐོག་ནས་དད་ལྡན་པར་གསུང་ཆོས་སྩོལ་སྐབས་སུ། རང་དོན་སྒྲུབ་ན་བྱང་ཆུབ་ཀྱི་སེམས་དང་། གཞན་དོན་སྒྲུབ་ན་བྱང་ཆུབ་ཀྱི་སེམས། ཚེ་འདི་དང་། ཚེ་རབས་ཕྲེང་བར་བདེ་སྐྱིད་སྒྲུབ་པར་བྱང་ཆུབ་ཀྱི་སེམས། ལུས་བདེ་ཐང་དང་སེམས་སྐྱིད་པ་འདོད་ན་བྱང་ཆུབ་ཀྱི་སེམས་ཞེས་བཀའ་སློབ་གསུང་ཆོས་སྐབས་སུ་ཡང་ཡང་གསུང་གླེང་མཛད་བཞིན་པ་མ་ཟད། དགུང་ན་གཞོན་དུས་ནས་ད་བར་ཉིན་ལྟར་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བ་ཐབས་ཤེས་ཟུང་འབྲེལ་ཉམས་བཞེས་ཀྱི་མཐིལ་དུ་མཛད་བཞིན་ཡོད་པས། འཛམ་གླིང་ཞི་བདེའི་གདམས་ངག་གི་མཛོད་འཛིན་ཅིང་། ཉམས་སུ་བཞེས་ལ། གཞན་ལ་འདོམས་མཁས་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་པ་ཞིག་འཇིག་རྟེན་འདིར་རྙེད་དུ་མེད།
དེར་བརྟེན། ང་ཚོ་མི་རེ་ངོ་རེ་ནས་འགོ་བཙུགས་ཏེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཇིག་རྟེན་ཀུན་ཕན་གྱི་བསླབ་བྱར་གཙིགས་འཛིན་དང་། ཉམས་ལེན་བྱེད་ཐུབ་པ་ཡིན་ན། ཁྱིམ་ཚང་དང་། མི་སྡེ། སྤྱི་ཚོགས། འགྲོ་བ་མིའི་གཞིས་ཁྱིམ་གོ་ལ་འདི་བཅས་སུ་ཞི་བདེའི་འགལ་རྐྱེན་དུ་འགྲོ་གཞིའི་གཡུལ་འཁྲུག་དང་། བཤུ་གཞོག བཙན་གནོན། མནར་གཅོད་ཀྱི་རྒུད་ཚོགས་གཞིལ་བར་ཕན་ནུས་རྨད་དུ་བྱུང་བ་འདོན་ཐུབ་རྒྱུར་ཐེ་ཚོམ་མེད་ལ། བོད་དོན་བདེན་མཐའ་གསལ་བར་འབད་པ་བསྟེན་མཁན་གྱི་བོད་མི་རིགས་ལ་མཚོན་ནའང་། ༸མགོན་པོ་མཆོག་གི་གདམས་ངག་འདི་དག་ནི་ང་ཚོར་སྙིང་སྟོབས་དང་བློ་སྤོབས་འཕེལ་སྐྱེད་ཀྱི་སྨན་མཆོག་ཏུ་འཛིན་དགོས་ཤིང་། ང་ཚོས་དུས་ཆེན་སྲུང་བརྩིའི་དགོས་དོན་ངོ་མའང་འདི་ཡིན།
དེ་རིང་། མཉམ་འབྲེལ་རྒྱལ་ཚོགས་སུ་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་གཏན་འབེབས་བྱས་ཏེ་མི་ལོ་ ༧༤ འཁོར་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་སྲུང་བརྩི་ཞུ་གི་ཡོད་ནའང་། འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་རྣམས་བཙན་འཕྲོག་བརྡལ་བཤིག་གི་གནས་སྟངས་འཛམ་གླིང་ཕྱོགས་མཚམས་མང་པོར་ཁྱབ་ཡོད་པས། རྒྱལ་ཁབ་དང་། དབང་འཛིན་པའི་བཀོད་བྱུས་འོག་ཏུ་གནོད་འཚེ་མྱོང་མཁན་ཡོངས་ལ་གདུང་སེམས་མཉམ་བསྐྱེད་དང་། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་སྤྱི་སྒེར་རྣམས་ལ་རྗེས་སུ་ཡི་རང་ཞུ་གི་ཡོད།
འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་གྱི་དོན་ཚན་དང་པོར་རང་དབང་དང་། འདྲ་མཉམ་རྩལ་འདོན་གནང་ཡོད་ཅིང་། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་། གཞན་དབང་ཐམས་ཅད་སྡུག་བསྔལ་ཏེ། །རང་དབང་ཐམས་ཅད་བདེ་བ་ཡིན། །ཞེས་དང་། ཇི་སྐད་དུ་བདག་གི་ཚོམས་སུ། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ལྟ་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་བདག་གི་མགོན་གྱུར་ཚེ། དོན་དང་ཆོས། གྲགས་པ། བདེ་བ། བདེ་འགྲོ་འཐོབ་ཅིང་། མཐོ་རིས་དགའ་བ། གཉེན་གྱི་ནང་ན་འབར། མྱ་ངན་ནང་ན་གདུང་མི་འགྱུར། འཆིང་བ་གཅོད་པ། ངན་འགྲོ་སྤོང་བ། སྡུག་བསྔལ་ཀུན་ལས་ཐར། མྱ་ངན་འདས་ཉིད་ཉེ་བར་འགྱུར་ཞེས་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ཅེས་རང་དབང་གི་རིན་ཐང་བསྟན་ཡོད་ཅིང་། དེ་ལས་ལྡོག་སྟེ། རང་གི་བསམ་བློར་གཞན་གྱིས་ཁ་ལོ་བསྒྱུར་བ་དང་། རང་གི་བྱ་སྤྱོད་གཞན་གྱི་ཐེ་བྱུས་འོག་ཏུ་ཚུད་དེ་རང་དབང་བརླགས་ཚེ། མི་ཚེའི་སྙིང་པོ་འཚོལ་སྒྲུབ་དང་། གཞན་ཕན་གྱི་བྱ་བ་སྒྲུབ་པའི་གཞི་རྩ་མེད་པ་ཆགས་ཀྱི་ཡོད།
ནང་པའི་ལྟ་གྲུབ་ནང་། འགྲོ་བ་མི་ཙམ་དུ་མ་ཟད། ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ནུས་པ་གཅིག་མཚུངས་སུ་ལྡན་པར་འདོད་ཅིང་། ནང་པ་རྣམས་ཀྱི་རྒྱུན་འདོན་སྐྱབས་འགྲོའི་ནང་དུའང་། སེམས་ཅན་ཐམས་ཅད་འདྲ་མཉམ་གྱི་སྒོ་ནས་བྱམས་པ་དང་། སྙིང་རྗེ། དགའ་བ། བཏང་སྙོམས་བཅས་ཚད་མེད་བཞིའི་སྨོན་འདེབས་བྱ་ཡུལ་དུ་བཟུང་ཡོད་ལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ངའི་བསྟན་པ་ལ་རིགས་མི་གཙོ། རུས་མི་གཙོ། བསླབ་པ་གཙོ་ཞེས་གསུངས་ཏེ། གདོལ་བ་དང་། ཤན་པ། ཉ་པ། ལྷམ་མཁན་སོགས་རིགས་དམན་པར་བརྩི་བ་རྣམས་ཀྱང་དགེ་སློང་ཕ་མའི་འཁོར་དུ་བསྡུས་ཏེ། འདྲ་མཉམ་གྱི་ཐོབ་ཐང་དགོས་པའི་དགོངས་པ་རྒྱ་ཆེན་བཞེས་ཡོད།
ད་ལྟའི་ཆར། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བཅའ་ཁྲིམས་ལ་མོས་མཐུན་མིང་རྟགས་འགོད་མཁན་གྱི་རྒྱལ་ཁབ་ཇི་སྙེད་ཅིག་ཡོད་ནའང་། གྲངས་ཉུང་མི་རིགས་དང་། ཉམ་ཐག་མི་སྡེ་ལ་གཉའ་གནོན་སྡང་གཙེར་གྱི་གནས་ཚུལ་རྒྱུན་ཆད་མེད་པར་ཡོང་གི་ཡོད།
བོད་ས་སྟོད་སྨད་བར་གསུམ་དུ་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་བའི་གནས་ཚུལ་རྒྱུན་ཆད་མེད་པར་འབྱུང་བཞིན་པའི་ཐོག །ལོ་ཤས་གོང་ནས་བཟུང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན། རྒྱ་སྐད་ཁྱབ་སྤེལ་གྱི་སྲིད་ཇུས་འོག་ནས་བོད་ཕྲུག་རྣམས་གཏན་འཇགས་སློབ་གྲྭར་སྡེབ་བཅུག་གིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བཀག་སྡོམ་བཅས་བརྒྱུད། མི་རིགས་གཅིག་དང་། རིག་གཞུང་གཅིག ཆོས་ལུགས་གཅིག སྐད་ཡིག་གཅིག་གི་སྲིད་ཇུས་འགེབས་སྦས་མེད་པའི་སྒོ་ནས་བོད་མིར་བཙན་འགེལ་ལག་བསྟར་བྱེད་བཞིན་པ་ནི་བོད་མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་ཐོག་ལོ་རྒྱུས་སུ་གྲགས་མ་མྱོང་བའི་ཉེན་ཚབས་ཆེན་པོ་ཞིག་ཡིན་པ་དང། མའོ་ཙེ་ཏུང་གིས་བོད་ནང་ངོ་རྒོལ་ལས་འགུལ་བྱུང་ན་དྲག་གནོན་གྱི་གོ་སྐབས་འཐོབ་རྒྱུར་དགའ་སྒུག་བྱེད་པ་ལྟར་རྒྱ་གཞུང་གིས་ད་དུང་དེ་ལྟ་བུའི་བསམ་ཕྱོགས་འཛིན་གྱི་ཡོད་ན་མ་གཏོགས། དགེ་སྐྱོན་གྱི་གནས་བབས་ལ་དཔྱད་ཞིབ་ཚད་ལྡན་བྱས་པའི་ཐོག་ནས། རྒྱལ་སྤྱིའི་ཁྲིམས་སྲོལ་དང་མཐུན་ཞིང་། མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་བརྟན་ལྷིང་ལ་ཕན་པའི་དོན་དངོས་ཕུགས་ཕན་གྱི་ཐབས་ཚུལ་བསྟེན་དགོས་པ་གལ་ཆེན་པོ་ཡིན།
བོད་ས་ཁྱོན་ཡོངས་སུ་རྒྱ་ནག་གི་དམར་ཤོག་སྒྲིག་འཛུགས་དང་། སྲིད་གཞུང་གི་སྒྲིག་འཛུགས་རིམ་པ་ཤུགས་ཆེར་ཡོད་མུས་ཐོག དེང་སང་གཞི་རིམ་ཏང་གི་སྒྲིག་འཛུགས་རྒྱ་བསྐྱེད་སླད། དམར་ཤོག་ཚོགས་མི་འཕར་བསྡུ་དང་གྲོང་གསེབ་ཁག་གི་འགོ་ཁྲིད་ཡོངས་རྫོགས་དམར་ཤོག་ཚོགས་མིར་བསྒྱུར་ཏེ། ལས་འགན་གཙོ་བོ་ཁ་བྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོབ་ཀྱི་འགན་བསྐུར་བྱས་ཡོད་པ་མ་ཟད། གཞི་ཁྱོན་ཆེ་བའི་གྲོང་གསེབ་ཏུ་བཅའ་སྡོད་ལས་དོན་རུ་ཁག་རྣམས་ཀྱིས་སྡེ་བའི་འགྲིག་ལམ་འགྲོ་སྲོལ་ལེགས་བཅོས་དང་། སྲོལ་ངན་ལུགས་རྙིང་རྩ་མེད། གོམས་སྲོལ་གཤིས་ལུགས་བསྒྱུར་བཅོས་ཟེར་བའི་ལས་དོན་འཆར་གཞི་ལྡན་པའི་སྒོ་ནས་སྤེལ་བཞིན་པ་དང་། གཞི་རིམ་མང་ཚོགས་བསྡུ་རུབ་བྱས་པའི་དྲ་མིག་ཅན་གྱི་འཛིན་སྐྱོང་བྱེད་བཞིན་པ་དཔེར་ན། མཚོ་སྔོན་ཞིང་ཆེན་དུ་ཕྱི་ལོ་ ༢༠༡༡ ནས་ ༢༠༡༨ བར་དྲ་མིག་དོ་དམ་བྱེད་མཁན་ལས་བྱེད་ཁྲི་ ༤་༨ བཏང་ཁོངས་བོད་རིགས་ས་ཁུལ་དུ་ལས་བྱེད་ཁྲི་ ༣་༤ བཏང་འདུག་པ་དང་། འདི་ལོར་འབྲི་རུ་རྫོང་པད་དཀར་ཡུལ་ཚོར་གྲོང་ཚོ་ ༢༣ དང་། མི་མང་ ༡༠༤༠༠ ཡོད་པ་རྣམས་དྲ་མིག་ ༥༠ རུ་དབྱེ་བགོ་བྱས་ཏེ། དྲ་དཔོན་ ༥༧ དང་། དྲ་ཞིབ་པ་ ༢༨༠ དང་། དང་བླངས་པ་ ༡༤༠ ནས་ལྟ་བཤེར་བྱེད་བཞིན་པ་དང་། དྲ་དཔོན་གྱིས་སོ་སོའི་དྲ་མིག་ནང་གི་མི་དང་། ས་ཆ། དངོས་པོ། དོན་དག གནས་ཚུལ་བཅས་ཏན་ཏིག་རྒྱུས་ལོན་བྱེད་ཀྱི་ཡོད་ལུགས་བསྒྲགས་འདུག
དེའི་ཁར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་། དྲ་མིག་ཅན་གྱི་ལས་གཞི་ནུས་ལྡན་བཟོ་སླད། གྲོང་ཚོའི་སྒྲིག་འཛུགས་ཀྱི་འོག་ཏུ་འདབས་འབྲེལ་ཁྱིམ་ཚང་ ༥ ནས་ ༡༥ བར་གྱི་མི་མང་དང་གྲ་བཙུན། རྒྱ་གཞུང་གི་ལས་བྱེད་རྣམས་ལས་གྲུབ་པའི་ཟུང་སྦྲེལ་ཁྱིམ་ཚང་ཟེར་བའི་སྒྲིག་འཛུགས་རེ་བཙུགས་འདུག་པ་དེ་ཚོར་བརྟན་ལྷིང་སྲུང་སྐྱོབ་དང་། ཡར་རྒྱས་སྐུལ་འདེད་ཟེར་བའི་འགན་བསྐུར་བྱས་ཏེ། ལོ་ལྟར་གྲོང་ཚོ་དང་། ཡུལ་ཚོ། རྫོང་། ས་ཁུལ། ལྗོངས་བཅས་ཀྱི་རིམ་པ་སོ་སོའི་གྲངས་བཅད་སྔོན་ཐོན་ཟུང་སྦྲེལ་ཁྲིམ་ཚང་ཟེར་བ་འདེམས་སྒྲུག་གིས། དངུལ་གྱི་བྱ་དགའ་དང་། དེ་དག་གི་ཕྲུ་གུ་མཐོ་སློབ་ཏུ་རྒྱུགས་སྤྲོད་དང་ལས་བྱེད་དུ་འཛུལ་རྒྱུགས་སྐབས་སུ་ཨང་ཐོབ་འཕར་མ་སྤྲོད་སྲོལ་བཟོས་འདུག་ལ། ཟླ་བ་སྔོན་མར། རྒྱ་གཞུང་གིས་ཨེ་ཤ་ཡའི་མི་འབོར་དུང་ཕྱུར་ ༣༠ ཙམ་ལ་དམིགས་པའི་སྤྲིན་རུམ་གྲངས་མཛོད་ཆེན་མོའི་ལྟེ་གནས་ཤིག་ལྷ་སར་འཛུགས་སྐྲུན་གྲུབ་སྟེ་ལས་ཀ་བྱེད་འགོ་ཚུགས་ཚུལ་བསྒྲགས་འདུག་པ་དེས། ཕྱོགས་མཚམས་ཀུན་ཏུ་བཙུགས་པའི་ལྟ་སྲུང་བརྙན་མིག་ (cctv camera) དང་། ངོ་རྟགས་བརྩད་གཅོད་ (facial recognition)། གོ་ལའི་ཕྱོགས་སྟོན་མ་ལག། (GPS) གཞི་རྒྱ་ཆེ་བའི་བོད་མིའི་རིགས་རྫས་ (DNA) སྡུད་ལེན། དྲ་མིག་ཅན་གྱི་འཛིན་སྐྱོང་སོགས་ཀྱི་གྲངས་རིག་གི་གནས་ཚུལ་ཉར་གསོག་ལ་རྒྱབ་ཁུངས་བརྟན་པོ་དང་། གྲངས་རིག་སྲིད་དབང་སྒེར་གཅོད་ (digital dictatorship) ལ་ནུས་པ་སྔར་མེད་ཐོན་རྒྱུ་གདོན་མི་ཟ།
རྒྱ་ནག་ཏུ་གྲོང་བརྡལ་དང་ཡུལ་ཚོ་མན་ལ་ལས་བྱེད་བསྐོ་འཛུགས་ཀྱི་ལམ་སྲོལ་མེད་ཀྱང་། བོད་ཀྱི་ས་ཁུལ་ཁག་དང་། ཡང་སྒོས་སུ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་། གྲོང་ཚོར་གཏན་འཇགས་བཅའ་སྡོད་ལས་བྱེད་ཁྲི་གཉིས་ལྷག་ཆེད་རྫོང་བྱས་ཡོད་པ་མ་ཟད། ལས་དོན་རུ་ཁག་གི་ཆེད་དུ་གྲོང་ཚོ་རེར་ཆ་སྙོམས་ལས་བྱེད་པའི་ལས་ཤག་དང་ལས་ཁུངས་ཀྱི་ཁང་བཀོད་དྲུག་རེ་འཛུགས་སྐྲུན་བྱས་ཡོད་པ་དང་། ཟུང་སྦྲེལ་ཁྱིམ་ཚང་ཟེར་བའི་སྒྲིག་འཛུགས་རྣམས་ས་ཁོངས་ཁྱོན་ཡོངས་སུ་ཁྱབ་མཉམ་གྱིས་ལག་བསྟར་བྱས་དང་བྱེད་མུས་རེད་འདུག
རྒྱ་གཞུང་གིས་བྱེད་ཐབས་འདི་དག་རྩོམ་པའི་གཞི་རྟེན་གཙོ་བོ་ནི་བརྟན་ལྷིང་སྲུང་སྐྱོབ་ཡིན་པར་སྒྲོག་གི་ཡོད་ཅིང་། དེས་བོད་མི་རྣམས་རྒྱལ་ཁབ་ཁ་བྲལ་གཏོང་མཁན་དང་། སྤྱི་ཚོགས་བདེ་འཇགས་དཀྲུག་མཁན་དུ་བརྩིས་ཡོད་པ་དང་། བརྟན་ལྷིང་སྲུང་སྐྱོབ་བྱེད་དགོས་ན། བོད་མིའི་འགྲོ་འདུག་སྤྱོད་གསུམ་ལ་ཉིན་མཚན་ཁོར་མོ་ཡུག་ཏུ་ལྟ་སྲུང་དོ་དམ་བྱེད་དགོས་ལ། བྱེད་ཐབས་ནི་བོད་མི་ཚོར་མི་རིགས་གཅིག་དང་། རིག་གཞུང་གཅིག ཆོས་ལུགས་གཅིག སྐད་ཡིག་གཅིག་གི་སྲིད་ཇུས་དང་། དམར་ཤོག་གི་ལྟ་གྲུབ་བཙན་འགེལ་བྱེད་དགོས་པ་མ་ཟད། ད་དུང་བོད་མི་ཚོས་རྒྱ་གཞུང་གི་བཀའ་དྲིན་བསམ་ཤེས་དང་། རྒྱ་རིགས་ཀྱི་སྔོན་ཐོན་རིག་གནས་དང་། འཚོ་བ་སྐྱེལ་སྟངས་དང་ལེན་དགོས་པའི་བཙན་སྐུལ་བྱེད་དགོས་པའི་རིགས་ལམ་གྱི་ཐོག་ནས་སྲིད་ཇུས་འཆར་སྒྲིག་དང་ལག་བསྟར་བྱེད་ཀྱི་ཡོད། སྤྱི་ཚོགས་ཀྱི་གཞི་རིམ་གྲུབ་ཆར་ཁྱོན་ཡོངས་ནས་དམ་བསྒྲགས་སྟངས་འཛིན་བྱེད་སྲོལ་འདི་ལྟ་བུ་འཛམ་གླིང་དུ་ད་བར་གྲགས་མྱོང་མེད་ལ། འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་དང་། རང་ཆས་སུ་མངའ་བའི་ཆེ་མཐོང་ལ་སྣང་མེད་གཏོང་མཁན་གྱི་རྒྱ་གཞུང་མ་གཏོགས་སྲིད་ཇུས་དེ་ལྟ་བུ་ལག་བསྟར་གྱི་བསམ་བློ་འཁོར་ཐུབ་མཁན་ཞིག་ཀྱང་འཇིག་རྟེན་འདིར་ཡོད་མི་ཤེས།
ནང་པ་སངས་རྒྱས་པས་རང་གཞན་དོན་གཉིས་འགྲུབ་པར་རང་དབང་དང་། སེམས་ཅན་ཐམས་ཅད་འདྲ་མཉམ་དུ་འཛིན་པའི་ལྟ་གྲུབ་གཙིགས་འཛིན་དང་། འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་གི་བསྒྲགས་གཏམ་དུ་རང་དབང་དང་འདྲ་མཉམ་རྩལ་འདོན་གནང་དོན་ནི། འདི་དག་གཞན་གྱིས་གནང་སྦྱིན་མ་ཡིན་པར། འགྲོ་བ་མིའི་ལྷན་སྐྱེས་ཀྱི་ཐོབ་ཐང་ཡིན་པས། རྒྱལ་ཁབ་དང་དབང་འཛིན་པ་སུ་ལའང་འདི་དག་བཙན་འཕྲོག་དང་བརྡལ་བཤིག་གི་དབང་ཚད་མེད་པའི་གནད་ཀ་སྟོན་གྱི་ཡོད། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྔོན་གླེང་དུའང་རྒྱ་རིགས་ཆེན་པོ་རིང་ལུགས་ལ་དགག་པ་གཙོ་བོ་རྒྱག་དགོས་པའི་བརྗོད་ཚིག་དེ་ལོ་ངོ་བཞི་བཅུའི་རིང་མུ་མཐུད་གནས་ཡོད་ཀྱང་། ད་ལྟའི་རྒྱ་གཞུང་གིས་དེ་ལ་རྒྱབ་ཀྱིས་ཕྱོགས་ཏེ་མི་རིགས་གཞན་ལ་བཙན་གནོན་དབྱེ་འབྱེད་དང་། མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་རྒྱུའི་སྲིད་ཇུས་གདུག་རྩུབ་ངང་སྤེལ་བཞིན་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཚེ་མེད་ཞི་བ་དང་། གཉིས་ཕན། དབུ་མའི་ལམ། གྲོས་མོལ། རྒྱུན་གནས་ཐུབ་པ་བཅས་བརྒྱུད་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་སྲིད་ཇུས་འགྱུར་མེད་དུ་རྒྱུན་འཁྱོངས་བྱེད་དགོས་དོན་ནི། བོད་མི་ཡོངས་ལ་རང་ཉིད་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་བཅས་ཡུན་གནས་ཀྱི་ཁེ་ཕན་གཙོ་བོར་བཟུང་བ་ཞིག་ཡིན་པས། སྐབས་ ༡༦ པའི་བཀའ་ཤག་གི་ངོས་ནས་དངོས་ཡོད་གནས་ཚུལ་དང་མཐུན་ཞིང་། ཐབས་ལམ་ཡོད་རྒུ་རྩལ་སྤྲུགས་ཀྱིས་རྒྱ་གཞུང་ལ་མེས་འཚིགས་མེར་གཏུགས་ཀྱིས་གནད་དོན་སེལ་རྒྱུའི་རེ་བ་འཛིན་གྱི་ཡོད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་འདུ་གནས་གཞིས་སྒར་ཁག་ཟུར་འཛུགས་བསྐྱངས་ཏེ། ཆོས་དང་རིག་གཞུང་། ཤེས་ཡོན། འཚོ་རྟེན་བཅས་པའི་རྨང་གཞི་བརྟན་འཛུགས་གནང་བ་བརྒྱུད་བཙན་བྱོལ་བའི་སྤྱི་ཚོགས་བདེ་དོན་གྱི་བྱེད་སྒོ་ཁག་ཕྲ་ཚུགས་བྱུང་ཡོད་པ་མ་ཟད། བོད་དོན་བདེན་མཐའ་གསལ་བའི་འཐབ་རྩོད་ཀྱི་སྟོབས་ཤུགས་གཙོ་བོའང་རྨང་གཞི་དེ་དག་གི་སྟེང་གནས་ཐུབ་ཡོད་པ་དེ་ལྟར་ཡང་། ལོ་ངོ་བཅུ་ཕྲག་དུ་མའི་རིང་བོད་མི་ཕྱི་རྒྱལ་ཡུལ་གྲུར་གཞིས་སྤོ་དང་། གྲོང་ཁྱེར་ཁག་ཏུ་ལས་འཚོལ་ལ་སྐྱོད་མཁན་ཇེ་མང་དུ་སོང་བ་དང་ཆབས་ཅིག བོད་ནས་ཡོང་མཁན་ཆེས་ཇེ་ཉུང་དུ་ཕྱིན་པ། གཞིས་སྒར་ཁག་གི་མི་འབོར་སྐྱེ་འཕེལ་ཉམ་ཆག་ཏུ་ཕྱིན་ཏེ་བཙན་བྱོལ་སྤྱི་ཚོགས་ཁྱོན་ཡོངས་ལ་མ་འོངས་གདོང་ལེན་བྱེད་སྒོ་དཀའ་ཚེགས་ཆེ་བ་ཞིག་འཕྲད་ཡོད་པར་བརྟེན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སྔོན་མའི་སྟེང་། བཙན་བྱོལ་བོད་མིའི་ས་ཁང་བདག་འཛིན་དང་། བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་གཏན་འབེབས་གནང་སྟེ། ས་ཁང་གཞུང་འབུལ་བྱེད་སྒོ་དང་། བགོ་འགྲེམས་ཀྱི་ཆ་རྐྱེན་རྣམས་གསལ་ཁ་བཏོད་ཡོད།
འདི་ནི་གཞིས་སྒར་ཁག་ཏུ་ཉམ་ཆག་ཕྱིན་པའི་མི་འབོར་སླར་གསོའི་གོམ་པ་དང་པོ་ཡིན་ཞིང་། རྩིས་ལོ་ ༢༠༢༣་་༢༤ སྔོན་རྩིས་སུ་གཞིས་སྒར་ཁག་གི་གཞི་རིམ་དགོས་མཁོ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཆར་འབུལ་བྱུང་བ་ཕལ་ཆེ་བར་བཀའ་ཤག་གིས་རྒྱབ་གཉེར་ཞུ་འཆར་ཡོད་ལ། ཕྱིར་འབུལ་བྱུང་བ་དང་། ཕྱིར་བསྡུ་བྱས་པའི་ས་ཁང་རྣམས་བོད་ནས་རྗེས་འབྱོར་བ་དང་། མཐའ་མཚམས་ཀྱི་དཀའ་ངལ་ཅན། རང་འཚོ་བྱེད་མཁན། ས་གནས་རང་ཁོངས་ལས་བྱེད་དང་། ཁྱབ་ཁོངས་སྡེ་ཚན་ཁག་གི་ཞབས་ལོ་ཉི་ཤུ་ལོན་པའི་ལས་བྱེད་བཅས་ལ་རིམ་པ་བཞིན་བགོ་འགྲེམས་དང་ཆབས་ཅིག གཞིས་སྒར་ཁག་ཡུན་གནས་ཕུགས་འཕེར་གྱི་ལས་གཞི་རྣམས་འཆར་སྒྲིག་ལག་བསྟར་བྱེད་རྩིས་ཡིན་པས། གཏན་འཇགས་ཕྱོགས་བསྐྱོད་ཟིན་པ་གང་ཞིག་གཞིས་སྒར་ཁག་ཏུ་ལོ་གཉིས་རེའི་ནང་ཟླ་བ་གཅིག་རིང་གནས་སྡོད་བྱེད་མི་ཐུབ་མཁན་དང་། གཞིས་ཆགས་ཐོབ་སྐལ་འཐོལ་བ་བདག་བཟུང་བྱེད་མཁན་རྣམས་ཀྱིས་རང་འགུལ་ངང་ས་ཁང་ཕྱིར་འབུལ་ཡོང་བའི་འབོད་སྐུལ་ཞུ་གི་ཡོད། དེ་བཞིན་ས་ཁང་འདེབས་ལས་བཀོལ་སྤྱོད་བྱེད་མི་ཐུབ་མཁན་ལ་དབུས་ངལ་སེལ་ཚོགས་པས་རིན་འབབ་སྣེ་སེལ་རེ་ཕུལ་ཏེ་ནང་བཤུག་བྱེད་འཆར་ཡིན་ལ། དེ་མིན་སྒྲིག་གཞི་གཞིར་བཟུང་ས་ཁང་ཕྱིར་བསྡུའི་ཆ་རྐྱེན་ལག་བསྟར་བྱེད་ཀྱི་ཡིན།
སློབ་སྡེ་ཁག་ནས་ཀྱང་སློབ་ཕྲུག་གི་ཡོང་ཁུངས་ཇེ་ཉུང་དུ་ཕྱིན་པའི་གནས་སྟངས་ངོས་འཛིན་དང་སྦྲགས། སློབ་ཕྲུག་གི་ཁེ་ཕན་གཙོ་བོར་བཟུང་སྟེ། སློབ་སྦྱོང་གི་ཐོན་ཁུངས་ཆུད་ཟོས་དང་། འཕར་ཟློས་མི་འབྱུང་བའི་ཐོག་ནས་སློབ་གྲྭ་ཁག་ཟླ་བསྒྲིལ་ཐོག་བསམ་ཞིབ་དགོས་གལ་ཆེ་བ་དང་། རྒྱ་ཆེ་ས་ནས་བསམ་བློ་གཏོང་མ་ཐུབ་པར་སློབ་ཕྲུག་གི་མདུན་ལམ་ལ་འཐུས་ཤོར་འགྲོ་ཉེན་རིགས་ངེས་པར་དུ་ཐུགས་སྣང་དགོས་གལ།
ས་གནས་ཁག་ཅིག་ཏུ་བོད་དོན་དང་བླངས་ཞུ་གཏུགས་ལས་འགུལ་འགོ་འཛུགས་ཟིན་པར་བསྔགས་བརྗོད་ཞུ་རྒྱུ་དང་། རྒྱལ་སྤྱིའི་འགྱུར་རླབས་འདིའི་ནང་བོད་དོན་རྒྱབ་སྐྱོར་གྱི་ནུས་པ་མཐོར་འདེགས་གཏོང་རྒྱུར་གཞོན་སྐྱེས་ཀྱི་འཇོན་རྩལ་སྤྱི་སྤུངས་ཧ་ཅང་གལ་ཆེན་ཡིན་པས། ཚང་མས་ཕྱར་གྲུ་མཉམ་འདེགས་ཡོང་བའི་གཞེན་སྐུལ་ཞུ་གི་ཡོད།
སྐབས་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་ཚེ་བརྟན་པའི་ཞལ་བཞེས་ཡང་ཡང་བསྩལ་བ་ལྟར། དད་ལྡན་སློབ་འབངས་རྣམས་ནས་བླ་སློབ་ཀྱི་དམ་ཚིག་སྲུང་ཞིང་། བླ་མའི་དགོངས་པ་རྟོགས་པའི་ཐོག་ནས་ཉམས་ལེན་བྱ་རྒྱུ་གལ་ཆེ།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་མཆོག་མཁའ་ཁྱབ་སྐྱེ་འགྲོའི་མགོན་དཔུང་དམ་པར་སྐུ་ཚེ་༸ཞབས་པད་ཡུན་དུ་བརྟན་པ་དང་། འཛམ་གླིང་ཁྱོན་དུ་རང་དབང་དང་འདྲ་མཉམ་གྱི་འགྲོ་བ་མིའི་ཐོབ་ཐང་གེགས་མེད་ལོངས་སུ་སྤྱོད་ཅིང་། འཁྲུག་རྩོད་དང་ནད་ཡམས་ཀྱི་འཇིགས་པ་ཞི་བ་དང་། བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་བཅས་བཀའ་ཤག་གིས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༠ ལ། །