༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༩ ཉིན་གྱི་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡ་རམ་ས་ལའི་ལྷ་རྒྱལ་རིར་རྟེན་གཞི་བྱས་པའི་༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་གི་ཚོགས་ཁང་ཆེན་མོའི་ནང་དུ་ཏཱ་ལའི་བླ་མའི་དགེ་རྩ་དང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱིས་གོ་སྒྲིག་གནང་བའི་བློ་གྲོས་དང་བྱམས་བརྩེ་སྤེལ་བའི་གོ་ལ་སྤྱི་ཁྱབ་ཀྱི་ལས་གཞི། སཱི་ཤེས་ཡོན་སློབ་གསོ་ཞེས་པའི་བགྲོ་གླེང་ཚོགས་འདུའི་དབུ་འབྱེད་མཛད་སྒོར་ཆིབས་བསྒྱུར་དང་བཀའ་སློབ་བཀའ་དྲིན་སྩལ་ཡོད།དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨།༣༠ ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་༸གོང་ས་ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་གི་ཚོགས་ཁང་དུ་ཆིབས་བསྒྱུར་སྐབས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཀརྨ་དགྲ་འདུལ་མཆོག་དང་། དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན། ༸གོང་ས་༸ཏཱ་ལའི་བླ་མའི་དཔེ་མཛོད་དང་ཡིག་ཚགས་ཁང་གི་དབུ་འཛིན་འཇམ་དཔལ་ལྷུན་གྲུབ་ལགས། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེའི་གཞི་རྩར་བཟུང་བའི་སྤྱོད་བཟང་གི་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་དགེ་བཤེས་བློ་བཟང་བསྟན་འཛིན་ནེ་གི་ལགས། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་གཙོ་འཛིན་གྷེ་རེ་གྷོ་རེ་ཕེན་ཝེ་སི་ལགས། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་རཱ་ཝི་སྦེ་ལམ་ཀོན་ཌི་ལགས་སོགས་བགྲོ་གླེང་ལ་མཉམ་ཞུགས་གནང་མཁན་ཡོངས་ནས་ཕེབས་བསུ་དང་བཅས་སྡིངས་ཆའི་༸ཞབས་སྟེགས་སུ་འཁོད་མཚམས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཀའ་སློབ་སྩལ་དོན། ང་ཚོ་གྲོགས་པོ་རྙིང་པ་མང་པོ་ཞིག་རུག་རུག་བྱས་པ་རེད། ཧ་ཅང་དགའ་པོ་བྱུང་།དེ་དང་ཆབས་ཅིག་ཁྲི་ཟུར་རིན་པོ་ཆེ་དགོངས་པ་རྫོགས་པའི་གནས་ཚུལ་དེ་རིང་ཐོས་སོང་། མ་གཞི་འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་རེད། གང་ལྟར་ཆོས་ཉིད་རེད། འོན་ཀྱང་ངོས་རང་ལ་དྭགས་སུ་འབྱོར་བའི་སྐབས་ཤིག་ལ་ཁྲི་ཟུར་རིན་པོ་ཆེས་འཇིགས་བྱེད་བསྙེན་ཆེན་གྲུབ་མ་ཐག་པ་རེད། རིན་པོ་ཆེའི་སྐུ་མདུན་དུ་བཅར་ནས་འཇིགས་བྱེད་བསྙེན་ཆེན་གནང་སའི་བཞུགས་གདན་དེ་ག་རང་གི་ཐོག་ནས་རིགས་ཚོགས་དྲུག་གི་བཤད་ལུང་ཞུས་པ་ཡིན། དེ་ཧ་ཅང་གསལ་བོ་དྲན་ཡོང་གི་འདུག འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་རེད། ཅེས་གསུངས་པ་ལྟར་ཉེར་ལེན་གྱི་ཕུང་པོ་འདི་འདྲ་ཞིག་བླངས་ཕྱིན་ཆད་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཡོང་བ་ཞིག་རེད་མ་གཏོགས་དེ་ལས་ཐར་ས་མེད་པ་རེད། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ཞེས་པ་ལས་ཐར་ཐུབ་པའི་བསམ་བློ་ཞིག་གཏོང་དགོས་ན་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཞེས་པའི་ཐོག་བསམ་བློ་གཏོང་དགོས།ང་ཚོ་སྐྱེ་གནས་སུ་ཉིང་མཚམས་སྦྱོར་བའི་སྐབས་སུ་ཕ་མའི་ཁུ་ཁྲག་འདུས་པའི་སྐབས་སུ་བར་སྲིད་ཀྱི་ཤེས་པ་འཁྱམས་ནས་ཡོད་ན། དེ་ལ་རྣམ་ཤེས་ཉིང་མཚམས་སྦྱོར་བ་ཡོང་གི་ཡོད། གང་ལྟར་བར་སྲིད་དེ་འདོད་སྲེད་ཀྱི་གཞན་དབང་མིན་པར་སྐྱེ་བ་སྐྱོན་དུ་བལྟས་ནས་སྐྱེ་བའི་ས་བོན་རྩད་ནས་གཅོད་པའི་བསམ་བློ་ཞིག་ཡོད་པ་ཡིན་ཡོང་གི་མ་རེད། དེར་བརྟེན། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཅེས་པ་དེ་རེད། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། ཞེས་པར་བསམ་བློ་ཡག་པོ་བཏང་ན་མ་རིག་པའི་དབང་གིས་འཁོར་བ་ལ་འཁོར་ཞིང་། སྐྱེ་བ་རྒྱུན་མ་ཆད་པར་སླེབས་པ་དེ་མཚམས་གཅོད་ཐུབ་པ་ཞིག་རེད། ལས་ཉོན་གྱིས་གཞན་དབང་དུ་སྐྱེ་བའི་རྒྱུན་ཆོད་པའི་མཚམས་སུ་ཐར་པ་ཟེར་བ་ཞིག་དང་མྱ་ངན་ལས་འདས་པ་ཞི་བ་ཞེས་པ་དེ་སླེབ་ཀྱི་ཡོད། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་རེད། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ། ཞེས་པ་འདི་ང་ཚོས་རྟག་པར་འདོན་གྱི་ཡོད་པ་ལྟར་བསམ་བློའི་ནང་དངོས་གནས་དྲང་གནས་དེ་དག་ལ་ཚོར་བ་ཞིག་ཡོད་དགོས།
འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་རེད། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ། ཞེས་པས་བསླབ་པ་གསུམ་གྱི་ཉམས་ལེན་ཐོག་ནས་ཞི་ལྷག་ཟུང་དུ་འབྲེལ་བ་དང་། དེ་ཡང་གཙོ་བོ་སྟོང་ཉིད་ཀྱི་ལྟ་བ་ཡིན་སྟབས། རྗེ་རིན་པོ་ཚེས་རྟེན་འབྲེལ་བསྟོད་པའི་མཇུག་ཏུ། སྟོན་དེའི་རྗེས་སུ་རབ་ཏུ་བྱུང་གྱུར་ཏེ། ། རྒྱལ་བའི་གསུང་ལ་སྦྱངས་པ་མི་དམན་ཞིང་། ། རྣལ་འབྱོར་སྤྱོད་ལ་བརྩོན་པའི་དགེ་སློང་ཞིག ། དྲང་སྲོང་ཆེན་པོ་དེ་ལ་དེ་ལྟར་གུས། །ཞེས་གསུངས་པ་བཞིན། སྔོན་མ་ལྷ་སར་ཡོད་སྐབས་རབ་བྱུང་དང་བསྙེན་རྫོགས་བསྒྲུབས། ཡོངས་འཛིན་རྡོ་རྗེ་འཆང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་ངོས་ཀྱིས་དཔེ་ཆ་གང་ཙམ་བལྟས་ཡོད། དབུ་མ་འཇུག་པ་དང་མངོན་རྟོགས་རྒྱན་སོགས་ཀྱི་རྩ་བ་བློ་ལ་བཟུང་ནས་ཉིན་ལྟར་སྐྱོར་གྱི་ཡོད།
བོད་ལ་ཡོད་སྐབས་ཉམས་ལེན་དེ་ཙམ་ཡོང་གི་མི་འདུག་ཀྱང་རྒྱ་གར་ལ་སླེབས་ནས་བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་ཀྱི་ལྟ་བར་བསམ་བློ་གང་ཙམ་གཏོང་གི་ཡོད། དབུ་མ་འཇུག་པའི་ནང་ལ། དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་ནས། །རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ། །སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར། །རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །ཞེས་གསུངས་པ་ལྟར། རིམ་པས་སྦྱོར་ལམ་ཐོབ། དེ་ནས་འགོག་བདེན་ཐོབ་ཐུབ་པའི་རེ་བ་རྒྱག་གི་ཡོད། རྟག་ཏུ་འགོག་པར་གཏོགས་པའི་བསམ་ལྡན་ཡིན་མོད་ཀྱིས། །འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད། །དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི། །མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན། །དེའི་གྲུབ་འབྲས་ལ། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡི། །མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། ། རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། ། ཞེས་གསུངས་པ་ལྟར། ངོས་ཀྱི་ཉམས་ལེན་གྱི་འཆར་གཞི་དེ་དབུ་མ་འཇུག་པའི་ནང་གསུངས་པ་ལྟར་བྱས་ནས་འགྲོ་གི་ཡོད།
དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་ནས། །རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ། །སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར། །རྟོགས་ཏེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །ཞེས་གསུངས་པ་ལྟར། ངོས་ཀྱིས་འགོག་བདེན་རྗེས་མཐུན་པ་ཞིག་ཐོབ་ཐུབ་པར་རེ་བ་རྒྱག་གི་ཡོད། རྟག་ཏུ་འགོག་པར་གཏོགས་པའི་བསམ་ལྡན་ཡིན་མོད་ཀྱིས། །འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད། །ཅེས་གསུངས་པ་ལྟར། རང་གིས་དེ་དག་ཉམས་ལེན་བྱེད་དགོས་པའི་དམིགས་ཡུལ་གཞན་ཕན་སྒྲུབ་རྒྱུ་དེ་ཡིན་པས། ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ཟེར་ན་བློ་ཡུལ་ལས་འདས་ཀྱང་། ཁ་ཡོད་ལག་ཡོད་ཀྱིས་འཛམ་གླིང་འདིའི་སྒང་ལ་ཡོད་པའི་སེམས་ཅན་སྤྱི་དང་། ལྷག་པར་སྨྲ་ཤེས་དོན་གོ་བའི་མི་རྣམས་ལ་སྐད་ཆ་བཤད་ནས་ལས་ཀ་བྱས་ན། ཕན་ཐོགས་ཅུང་ཙམ་ཡོང་ཐུབ་པས། འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད། །ཅེས་གསུངས་པ་ལྟར། ད་ལྟའི་བར་དུ་ག་ཚོད་ཐུབ་ཐུབ་ཀྱིས་མི་ལ་སེམས་པ་བཟང་པོ་བྱེད་དགོས་པ་དང་། བསམ་བློ་ཏོག་ཙམ་ཡོད་མཁན་ཞིག་ཡིན་ན། སྟོང་ཉིད་སྒོམ་པ་དང་ཆབས་ཅིག་ངོས་དང་འབྲེལ་བ་ཡོད་པའི་མི་རྣམས་ལའང་སྟོང་ཉིད་ཀྱི་ལྟ་བ་དང་། བྱང་ཆུབ་ཀྱི་སེམས་འགྲེལ་བཤད་ག་ཚོད་ཐུབ་ཐུབ་བརྒྱབ་ནས་སོ་སོས་ཀྱང་ཉིན་རེ་བཞིན་དུ་ཉམས་ལེན་བྱས་ཏེ་འགོག་བདེན་རྗེས་མཐུན་པ་ཞིག་འཐོབ་རྒྱུར་དམིགས་ཡུལ་ལ་བཞག་པ་དང་ལྷན་ངོ་ཤེས་པ་ཚོར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་འགྲེལ་བཤད་གང་ཐུབ་རྒྱག་རྒྱུ་དེ་ངོས་ཀྱི་མི་ཚེའི་འགྲོ་སྟངས་འདྲ་ཞིག་ཡིན་པ་མ་ཟད། དེས་མི་ལུས་ཐོབ་པ་དོན་དང་ལྡན་པ་ཞིག་ཡོང་བ་ཡིན། འཛམ་གླིང་འདིའི་སྟེང་གི་མི་རྣམས་ཚེ་ལོ་དཔག་མེད་ཐུབ་པ་ནས་ག་ལེར་ཚེ་མར་འགྲིབ་ནས་ད་ལྟ་ཚེ་ལོ་བརྒྱ་པ་ཟེར་གྱི་ཡོད། ང་ཚོའི་མི་རབས་འདི་ནི་ཚེ་ལོ་བརྒྱ་པའི་སྐབས་ཀྱི་མི་ཆགས་ཡོད། ངོས་རང་ཡང་ཚེ་ལོ་བརྒྱ་པའི་མི་ཞིག་རེད། ཡིན་ཡང་། ཆུང་ཆུང་སྐབས་ནས་ཡོངས་འཛིན་དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་ལ་བསྟེན་ནས་དཔེ་ཆ་ཏོག་ཙམ་བལྟས་པ་དང་། ང་ཚོ་བཙན་བྱོལ་ལ་སླེབས་པ་ནས་ག་ཚོད་ཐུབ་ཐུབ་ཀྱིས་སྒོམ་ཉམས་ལེན་བྱས་ཏེ་ལུས་གསུམ་ཕྱོགས་གསུམ་སྡོད་ཐུབ་ཀྱི་མི་འདུག་སྟེ། ཉིན་རེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ག་ཚོད་ཐུབ་ཐུབ་ཀྱིས་ཉམས་ལེན་བྱས་པ་དེ་ལྟར་རེད། ངོས་རང་གི་ཉམས་མྱོང་གི་ཐོག་ནས་གྲོགས་པོ་རྣམ་པ་ཚོར་ཞུ་རྒྱུར་བྱང་ཆུབ་ཀྱི་སེམས་ནི་ཧ་ཅང་གི་ནུས་པ་ཆེན་པོ་དང་། ཕན་ཐོགས་ཆེན་པོ་ཡོད་པ་ཞིག་རེད། ང་ཚོ་ཆུང་ཆུང་སྐབས་ནས་མའི་བརྩེ་བ་ཡོད་པ་རེད། མའི་བརྩེ་བ་ལ་བརྟེན་ནས་རང་ཉིད་འཚོ་བཞིན་ཡོད། དེར་བརྟེན་ང་ཚོ་ཆུང་ཆུང་སྐབས་ནས་བརྩེ་བ་ལ་ཧ་ཅང་གོམས་ཡོད། མིའི་སྤྱི་ཚོགས་ནི་བརྩེ་བ་ལ་བརྟེན་ཡོད་མཁན་ཞིག་ཆགས་ཡོད།
དེར་བརྟེན། ང་ཚོར་ལྷན་སྐྱེས་ཀྱིས་སེམས་པ་བཟང་པོ་བྱེད་པའི་གཞི་རྩ་ཞིག་ཡོད་པ་དང་། ལོ་ཡར་སླེབ་དུས་ཆུང་ཆུང་སྐབས་སུ་ཨ་མས་གཅེས་སྐྱོང་བྱས་པའི་བྱམས་བརྩེའི་ཚོར་བ་དེ་དྲན་པའི་ཐོག་ནས་སོ་སོ་ཡོད་སའི་འཛམ་གླིང་འདིའི་སྟེང་ག་ཚོད་ཐུབ་ཐུབ་ཀྱིས་བྱམས་བརྩེ་དེ་སྤེལ་ཐུབ་པ་བྱེད་དགོས། དེ་ནི་ཕྱོགས་གཅིག་ནས་ལས་སླ་བོ་ཞིག་རེད།
སྟོང་པ་ཉིད་ཀྱི་ལྟ་བ་ལྟར་གཏིང་ཟབ་མོས་སྒྲོ་འདོགས་གཅོད་མི་དགོས་པར་མཐོང་ཆོས་ལ་སོ་སོ་རང་ཉིད་ཨ་མས་བརྩེ་བ་བྱས་ཏེ་བསྐྱངས་པ་རེད། འཛམ་གླིང་གི་སྲོག་ཆགས་སྤྱི་དང་ལྷག་པར་མི་རྣམས་ནི་མའི་བརྩེ་བས་བསྐྱངས་པ་ཞིག་ཡིན་པས་མི་ཚེ་ཧྲིལ་པོར་བརྩེ་བ་འཛིན་ཐུབ་པ་ཞིག་དང་། མཐའ་མ་འཆི་བའི་ཚེ་ནའང་རང་གི་མཐའ་ན་བརྩེ་བ་ཡོད་པའི་གྲོགས་པོ་ཚོས་བསྐོར་བསྡད་ན་ཤི་བཟོད་བདེ་པོ་ཡོང་གི་རེད། དེ་མིན་འཆི་ཁར་རྒྱུ་དངོས་པོ་ག་ཚོད་ཡོད་ཀྱང་ཕན་ཐོགས་གང་ཡང་མེད། གང་ལྟར་འཆི་ཁར་རང་ལ་དངོས་གནས་བརྩེ་བ་ཡོད་པའི་གྲོགས་པོ་ཚོས་བསྐོར་བསྡད་པ་ཡིན་ན་སོ་སོའི་སེམས་ལ་ཞི་བདེ་མང་ཙམ་ཡོང་གི་རེད། ང་ཚོ་སྐྱེས་པའི་སྐབས་སུ་མའི་བརྩེ་བས་བསྐྱངས་པ་རེད། མཐའ་མ་འཆི་བའི་སྐབས་སུའང་ག་ཚོད་ཐུབ་ཐུབ་ཀྱིས་གཞན་ཕན་གྱི་བློ་ཡག་པོ་ཞིག་གསལ་བཏབ་པའི་ཐོག་ནས་རྣམ་ཤེས་འཕོ་ཐུབ་པའི་བསམ་བློ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད།
ངོས་ཀྱི་མི་ཚེ་འདིའི་ནང་དངོས་སུ་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པའི་གནོད་འཚེ་བྱུང་བ་རེད། མི་རྣམས་ཀྱིས་གོ་མཚོན་བཟོ་བའི་ཆེད་དུ་དངུལ་ཧ་ཅང་ཕོན་ཆེན་པོ་བེད་སྤྱོད་བཏང་ཡོད། འདི་དག་ཚང་མ་བརྒྱ་ཆ་བརྒྱ་ཐམ་པ་ནོར་འཁྲུལ་རེད། དེ་ལས་ལྡོག་སྟེ་འཛམ་གླིང་འདི་ཞི་བདེ་ཅན་ཞིག་ཏུ་བཟོ་བའི་དོན་དུ་འབད་བརྩོན་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། མི་རྣམས་ཀྱིས་གོ་མཚོན་བཟོ་བའི་ཚབ་ཏུ་སོ་སོའི་ནང་སེམས་ཀྱི་གཞན་ཕན་གྱི་བསམ་བློ་ཡར་རྒྱས་བཏང་བ་ཡིན་ན་གོ་མཚོན་ངོ་མ་དེ་ཆགས་ཀྱི་ཡོད། དེ་ལ་བརྟེན་ནས་སོ་སོའི་གཉེན་ཉེ་དང་གྲོགས་པོ་མང་དུ་འགྲོ་ཐུབ། དེ་ལས་ལྡོག་སྟེ་མིག་རྒྱང་ཐུང་ཐུང་ཅན་དང་སྙིང་རྗེའི་བསམ་བློ་མེད་པ་ཚོས་གཞན་ཕན་དང་མིག་རྒྱང་རིང་པོ་བྱས་པ་ཡིན་ན། རང་ལ་ཕན་པ་དང་གཞན་ལའང་དེས་ཕན་ཐོགས་ཡོང་གི་ཡོད། དེ་ལ་བརྟེན་ནས་གོ་མཚོན་ནི་ཕན་ཐོགས་མེད་པ་ཞིག་ཡིན་པའི་གོ་རྟོགས་ཀྱང་སྤེལ་ཐུབ། དེར་བརྟེན་མི་སྒེར་རེ་རེས་བྱམས་སྙིང་རྗེ་ཉམས་ལེན་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་མི་ཚེའི་ནང་བྱམས་སྙིང་རྗེ་ཡག་པོ་ཡོད་པ་ཡིན་ན། དེའི་དབང་གིས་གཉིད་ཁུག་ནའང་གཉིད་སྐྱིད་པོ་ཞིག་ཁུག་ཐུབ། དེ་ཡང་དགོས་པ་ཞིག་ཡིན། སེམས་འཁྲུག་སྡོད་པ་དང་རྣམ་རྟོག་ཆེན་པོ་ཡོད་ཚེ་གཉིད་ཀྱང་ཡག་པོ་ཁུག་མི་ཐུབ། སྙིང་རྗེ་ནི་སོ་སོའི་མི་ཚེའི་ནང་ཧ་ཅང་དགོས་གལ་ཆེན་པོ་རེད། དུད་འགྲོ་སེམས་ཅན་ལའང་བྱམས་པའི་རྣམ་འགྱུར་ཞིག་བསྟན་པ་ཡིན་ན། ཁོ་ཚོས་ཀྱང་ཡི་རངས་ཀྱི་རྣམ་འགྱུར་ཞིག་སྟོན་པ་ཚོར་གྱི་འདུག དཔེར་ན། ཁྱི་ལྟ་བུ་ཞིག་ལ་དཔེར་བཞག་ནའང་། ཁོང་ཁྲོའི་རྣམ་འགྱུར་བསྟན་ན་བྲོས་འགྲོ་གི་ཡོད། གང་ལྟར་སྙིང་རྗེ་ནི་སོ་སོའི་མི་ཚེ་དོན་དང་ལྡན་པ་དང་སྐྱིད་པོ་ཡོང་བའི་གཞི་རྩ་ཆགས་ཡོད།
ང་ཚོས་འཛམ་གླིང་ཞི་བདེ་ཞེས་གང་སར་སྒྲོག་གིན་ཡོད། དེའི་གཞི་རྩ་ལ་སོ་སོར་སེམས་ཀྱི་ཞི་བདེ་བསྐྲུན་དགོས། དེ་ཡང་བྱམས་སྙིང་རྗེ་ཉམས་ལེན་དང་འབྲེལ་ནས་ཡོང་གི་ཡོད། དེ་ལྟར་རང་གིས་ཉམས་ལེན་བྱེད་པ་དང་གཞན་ལ་སྤེལ་ཐུབ་ན་ཧ་ཅང་ཕན་ཐོགས་ཆེན་པོ་རེད། འཛམ་གླིང་འདིར་མི་ཐེར་འབུམ་བརྒྱད་མ་ཟིན་ཙམ་ཡོད་པ་རེད། དེ་ཆ་ཚང་ཨ་མས་བཙས་པ་རྐྱང་ཡིན་པ་དང་། ཨ་མས་བཙས་པ་ཡིན་པས་སྙིང་རྗེའི་རྩ་བའམ་ཉམས་མྱོང་ཡོད་པ་རེད། ངོས་རང་སྒེར་གྱི་ངོས་ནས་ཞུས་པ་ཡིན་ན་ཆོས་ཉམས་ལེན་ཡོད་མེད་ལ་ལྟོས་མེད་ཀྱིས་མི་ཚེ་སྐྱིད་པོ་ཡོང་བ་དང་། མི་ཚང་སྐྱིད་པོ་ཡོང་བ། སྤྱི་ཚོགས་སྐྱིད་པོ་ཡོང་བ་ལ་བྱམས་སྙིང་རྗེའི་ཉམས་ལེན་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སོ་སོ་ཆོས་ལ་ཡིད་ཆེས་ཡོད་ནའང་རེད། མེད་ཀྱང་རུང་དེ་ནི་སྒེར་སོ་སོའི་ཐག་གཅོད་རེད། ཡིན་ནའང་། བྱམས་སྙིང་རྗེའི་ཉམས་ལེན་ནི་ངེས་པར་དུ་དགོས་པ་རེད།
ངོས་ཀྱི་མ་འོངས་པའི་ལོ་ངོ་བཅུ་ཕྲག་གཅིག་གཉིས་ཀྱི་རིང་ལ་འཛམ་གླིང་འདིར་བསམ་པ་བཟང་པོའི་ཉམས་ལེན་རྒྱ་ཆེར་སྤེལ་བ་ལ་གང་ཐུབ་ཀྱི་སྲི་ཞུ་སྒྲུབ་པའི་འདོད་པ་ཡོད། ཐོག་མ་སྒེར་སོ་སོའི་ཉམས་ལེན་ལག་བསྟར་དང་། དེ་ནས་གཞན་ལ་སྤེལ་བའི་སྒོ་ནས་འཛམ་གླིང་ཞི་བདེ་སྒྲུབ་ཐུབ་ཀྱི་རེད། དེ་ལྟ་བུ་ཞིག་བྱུང་བ་ཡིན་ན་སོ་སོའི་མི་ཚེ་ཡང་དོན་དང་ལྡན་པ་ཞིག་ཆགས་ཀྱི་ཡོད། འདི་ཁྱོད་ཚོར་ཞུ་འདོད་བྱུང་། ང་ཚོས་འཛམ་གླིང་ཞི་བདེ་ཞེས་མང་པོ་བརྗོད་ཀྱི་ཡོད་ཀྱང་འཛམ་གླིང་ཞི་བདེ་ཞེས་པ་གནམ་ནས་འབབ་རྒྱུ་མེད། འཛམ་གླིང་ཞི་བདེ་བྱམས་སྙིང་རྗེ་ཉམས་ལེན་ལ་བརྟེན་ནས་སྒྲུབ་དགོས་པ་ཞིག་ཡིན། མི་སོ་སོས་བྱམས་སྙིང་རྗེ་ཉམས་ལེན་བྱས་པ་ཡིན་ན་ཁྱིམ་ཚང་དང་སྤྱི་ཚོགས། འཛམ་གླིང་སྤྱི་ལ་ཞི་བདེས་ཁྱབ་ཐུབ་པ་ཞིག་ཡོང་གི་རེད། བྱམས་སྙིང་རྗེ་ཉམས་ལེན་བྱེད་པ་ལ་ངེས་པར་དུ་ཆོས་ལུགས་ཤིག་གི་བསླབ་བྱ་ལ་བརྟེན་དགོས་པ་དེ་འདྲ་མ་རེད། རྒྱུན་ལྡན་དུ་ངོས་ཀྱིས་ཆོས་ལུགས་དང་མ་འབྲེལ་བའི་སྤྱོད་བཟང་གི་ཉམས་ལེན་ཞེས་རྗོད་བཞིན་ཡོད། འདིས་བྱམས་སྙིང་རྗེའི་ཉམས་ལེན་ངེས་པར་དུ་ཆོས་ལ་བརྟེན་མི་དགོས་པར་བརྗོད་ཀྱི་ཡོད། འདི་ཧ་ཅང་གལ་ཆེན་པོ་རེད།
ངོས་ཀྱིས་ཀྱང་ཉིན་རྒྱུན་ནས་བྱམས་སྙིང་རྗེ་ཉམས་ལེན་བྱེད་ཀྱི་ཡོད་ལ་ངོས་ཀྱི་གྲོགས་པོ་ཚོས་ཀྱང་བྱམས་སྙིང་རྗེའི་ཉམས་ལེན་ལ་ཐུགས་སྣང་གནང་རོགས་ཞུ་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་གྲུབ་མཚམས་གོ་ལའི་ཁྱོན་དུ་སཱི་ཤེས་ཡོན་ལས་རིམ་གྱི་སྙོབ་ཚད་ཅེས་པའི་གློག་བརྙན་སྐར་མ་གསུམ་ཅན་གཟིགས་འབུལ་དང་། ཚན་རིག་སློབ་གཉེར་བའི་དཔྱད་རྩོམ་གཅེས་བཏུས་ཞེས་པའི་དཔེ་དེབ་ཀྱི་པར་ཕུད། ཧིན་དིའི་སྐད་དུ་བསྒྱུར་བའི་སཱི་ཤེས་ཡོན་སློབ་གསོའི་བསླབ་གཞིའི་པར་ཕུད། སཱི་ཤེས་ཡོན་སློབ་གསོའི་སློབ་གྲྭ་ཆེ་བའི་བསླབ་གཞིའི་པར་ཕུད་བཅས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གཟིགས་འབུལ་ཞུས་ཤིང་། དེ་ནས་སཱི་ཤེས་ཡོན་ལས་རིམ་གྱི་རྒྱལ་སྤྱིའི་སློབ་མ་བཞིས་རིམ་བཞིན་མགོན་པོ་གང་ཉིད་མཆོག་ལ་སོ་སོའི་དོགས་པ་དཀའ་ངལ་སྐོར་ནས་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་བ་དང་།
མཐར་མགོན་པོ་གང་ཉིད་མཆོག་གིས་མཐའ་སྡོམ་བཀའ་སློབ་སྩལ་དོན། ང་ཚོའི་མི་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་རང་བཞིན་ཆ་ཚང་ལ་ཡོད་པ་རེད། བྱམས་སྙིང་རྗེའི་ཉམས་ལེན་བྱས་པ་ཡིན་ན་དངོས་ཡོད་གནས་ཚུལ་དང་། ཁ་ཡོད་ལག་ཡོད་ཀྱིས་སེམས་ལ་ཞི་བདེ་ཡོང་བ་ལ་ཕན་ཐོགས་པ་མ་ཟད། སེམས་ཀྱི་སྙིང་སྟོབས་ཀྱང་འཕེལ་ཐུབ་ཀྱི་འདུག དེ་ལས་ལྡོག་སྟེ་ཁོང་ཁྲོའི་བློ་ལྟ་བུ་སྐྱེས་པ་ཡིན་ན་དེའི་དབང་གིས་སེམས་ཀྱི་ཞི་བདེ་རྒྱས་མི་ཐུབ། འཛམ་གླིང་ཕྱོགས་གང་དུ་བལྟས་པ་ཡིན་ནའང་དཀའ་ངལ་མང་པོ་ཞིག་འདུག དེ་དག་མང་པོ་འབྱུང་རྐྱེན་ནི་ཁོང་ཁྲོ་དང་འགྲན་སེམས་སོགས་རེད། དེ་ནི་རྫོགས་རྒྱུ་མེད་པར་ཡོང་གི་ཡོད་པས་ཉོན་མོངས་དབང་གིས་འགྲན་སེམས་སོགས་མ་སྐྱེས་པར་སོ་སོའི་ངོས་ནས་སྙིང་རྗེའི་བསམ་བློ་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ། །