༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་ཝེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༣ འཁོར་བའི་དུས་ཆེན་ལྷོ་ཨ་མི་རི་ཀའི་བ་རཱ་ཛིལ་གྱི་རྒྱལ་ས་སའུ་པོ་ལོ་ (São Paulo) རུ་ས་གནས་བོད་མི་དང་པ་ལས་ཨ་ཐི་ན་ཚོགས་པ་ (Palas Athena) ཟུང་སྦྲེལ་གྱིས་གོ་སྒྲིག་སྲུང་བརྩི་ཞུས་འདུག
སྐབས་དེར་བྱིས་པའི་དཔེ་དེབ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་བསྡུས་པ་ (THE EXTRAORDINARY LIFE OF HIS HOLINESS THE FOURTEENTH DALAI LAMA: An Illuminated Journey.) ཞེས་པ་པོར་ཅུ་གྷལ་སྐད་དུ་བསྒྱུར་བ་དེ་དབུ་འབྱེད་གནང་འདུག་ཅིང་། དཔེ་དེབ་དེ་ཉིད་པ་ལས་ཨེ་ཐི་ན་དང་བ་རཱ་ཛིལ་བོད་ཁང་ཐུན་མོང་ནས་པར་སྐྲུན་གནང་ཞིང་དཔལ་འབྱོར་གྱི་མཐུན་རྐྱེན་ཐའེ་ཝན་ནང་ཡོད་པའི་བོད་ཀྱི་ཆོས་རིག་ཐེབས་རྩས་སྦྱར་འདུག །
མཛད་སྒོའི་ཐོག་པ་ལས་ཨ་ཐི་ན་ཚོགས་པའི་ངེས་སྟོན་པ་གཙུག་ལག་སློབ་དཔོན་ལི་ཡ་དིས་ཀིན་ (Lia Diskin) ལགས་ཀྱིས་འགྲོ་བ་མི་སྤྱི་དང་། ལྷག་པར་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་གི་གལ་གནད་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བ་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་སྐུ་ངལ་སྐྱོན་གྱི་ཡོད་སྐོར་ངོ་སྤྲོད་གནང་། སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་ཀྱིས་མཇུག་བསྡོམས་གསུང་བཤད་གནང་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བསྒྲུབ་རྒྱུར་འབད་རྩོལ་གནང་དགོས་སྐོར་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་རྒྱབ་སྐྱོར་གནང་མཁན་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ལེགས་འབུལ་ཞུས་འདུག །
གཞན་ཡང་ཚོགས་འདུའི་ཐོག་དྲ་ཐོག་ནས་གཞས་སྣ་གཟིགས་འབུལ་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡེ་ཤུའི་བླ་ཆེན་ཀྲུ་ཀྲུ་མཆོག་རྣམ་གཉིས་བར་གྱི་མཛའ་བརྩེ་ལྡན་པའི་འབྲེལ་བའི་སྐོར་གྱི་བརྙན་གཟིགས་འབུལ་ཞུས་འདུག་པ་བཅས།།