༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༠༣ ཉིན་མཻ་སོར་དུ་ཁྲལ་འབབ་དྲུང་ཆེ་སྐུ་ཞབས་ཇ་ཡ་རཱམ་ལགས་གཙོ་བཞུགས་ཐོག་མཻ་སོར་ (Mysuru) དང་ཅམ་རཇ་ན་གར་(Chamrajnagar) རྫོང་གཉིས་ཀྱི་གནད་ཡོད་དཔོན་རིགས། དེ་བཞིན་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་དང་། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་བཅས་ཚང་འཛོམས་ཐོག་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་དང་འབྲེལ་བའི་མཇུག་སྐྱོང་ཚོགས་འདུ་ཚོགས་ཡོད།
སྐབས་དེར་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༥ ཚེས་ ༢༦ ཉིན་ཚོགས་པའི་ཚོགས་འདུའི་ཐོག་བྱུང་བའི་གནད་དོན་བརྒྱད་ཀྱི་ཐོག་བསྐྱར་ཞིབ་དང་། གནད་དོན་དེ་དག་གི་ཐོག་ཀརནཱ་ཊཀ་གཞུང་ངོས་ནས་ལས་གཞི་གང་བརྩམ་ཡོད་མེད་བཀའ་འདྲི་གནང་བ་དང་སྦྲགས་དེ་འབྲེལ་ཕྱི་ལོ་ ༢༠༡༤ ལོའི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ནང་གསལ་མཐུན་རྐྱེན་ཁག་སྦྱོར་སྤྲོད་གནང་ཕྱོགས་ཐད་གྲོས་བསྡུར་གནང་ཡོད་པ་རེད།
ཀརནཱ་ཊཀ་མངའ་སྡེ་གཞུང་གི་ཁྲལ་འབབ་དྲུང་ཆེས་མངའ་སྡེའི་ཁྲིམས་སྒྲིག་དགོངས་དོན་བཞིན་བོད་མིས་ཞུས་དོན་ཁག་ལ་གཟིགས་ཞིབ་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་བཅས།།