༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་མཆིན་ནད་དུག་ཐབས་ཁ་པའི་ནད་པ་རྣམས་ལ་ལོ་རེར་ཐེངས་གཉིས་རེ་བརྟག་དཔྱད་གནང་སྲོལ་ཡོད་པ་ལྟར། ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༥ དང་ ༦ བཅས་ཉིན་གྲངས་གཉིས་རིང་བཞུགས་སྒར་རྡ་རམ་ས་ལའི་ཁུལ་དུ་ཡོད་པའི་ནད་པ་རྣམས་ལ་བརྟག་དཔྱད་གནང་ཡོད།
ལས་གཞིའི་འདིའི་འོག་འཕྲོད་བསྟེན་ལས་ཁུངས་ནས་སྨན་བསྟེན་བཞིན་པའི་ནད་པ་རྣམས་ལ་ལོ་རེར་ཐེངས་གཉིས་རེ་བརྟག་དཔྱད་གནང་སྟེ་ན་ཚའི་གནས་བབ་དང་དྲག་བསྐྱེད་བྱུང་མིན་ཞིབ་འཇུག་གནང་གི་ཡོད་པ་དང་། སྨན་མ་བསྟེན་མཁན་གྱི་ནད་པ་རྣམས་ལ་ལོ་གཅིག་ནང་ཐེངས་རེ་བརྟག་དཔྱད་གནང་གི་ཡོད། འཕྲོད་བསྟེན་ལས་ཁུངས་ཀྱི་ལམ་སྟོན་འོག་དེ་མཚུངས་བརྟག་དཔྱད་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ ༢༣ ནང་གནང་གི་ཡོད་པ་རེད།
ད་ལྟའི་ཆར་ནད་གཞི་སྔོན་འགོག་དང་བཅོས་ཐབས་ཆེད་བརྟག་དཔྱད་དང་སྨན་ཁབ་བརྒྱབ་རྒྱུའི་རིམ་པ་བཞི་པར་སླེབས་ཡོད་ཅིང་། རིང་མིན་དེ་སྔོན་རིམ་པ་གསུམ་གྱི་སྙན་ཐོར་ཁྱད་མཁས་པ་ཞིབ་འཇུག་གནང་རྗེས་འཕྲོད་བསྟེན་ལས་ཁུངས་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་མཆིན་ནད་དུག་ཐབས་ཁ་པའི་ཁྱབ་ཚད་དང་གནས་སྟངས་སྐོར་གྱི་སྙན་ཐོ་ཞིག་འདོན་འཆར་ཡོད་པ་བཅས།།