༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༡ ནས་ ༢༣ བར་ཉིན་གྲངས་གསུམ་རིང་མེའོ་སཾ་བྷོ་ཊ་སློབ་གྲྭ་རུ་བྱང་ཤར་ཁུལ་གྱི་སློབ་གྲྭ་ཁག་གི་སྔོན་དགེ་ཚོར་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་གནང་།
དེ་ཡང་ཕྱི་ཚེས་ ༢༡ ཉིན་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་གནང་མཁན་ཁྱད་སྟོན་པ་དང་། མཐུན་སྦྱོར་བ། ཟབ་སྦྱོང་ནང་མཉམ་ཞུགས་པ་རྣམས་ལྷན་འཛོམས་ཐོག་མཐུན་སྦྱོར་བས་ཟབ་སྦྱོང་སྤྲོད་དགོས་པའི་དམིགས་ཡུལ་ངོ་སྤྲོད་དང་འབྲེལ། ཚོགས་ཞུགས་སོ་སོའི་ངོ་སྤྲོད་དང་བཅས་ཟབ་སྦྱོང་དབུ་འཛུགས་ཞུས།
ཟབ་སྦྱོང་ཉིན་གསུམ་རིང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སཱི་ཤེས་ཡོན་སློབ་གསོའི་རྒྱལ་སྤྱིའི་འབྲེལ་མཐུད་པ་རྒན་བརྩོན་འགྲུས་བསམ་འཕེལ་ལགས་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལྟ་གྲུབ་སློབ་དཔོན་དགེ་བཤེས་བསྟན་འཛིན་མཚན་ལེགས་ལགས། ཤེས་རིག་ལས་ཁུངས་ཀྱི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་ཚེ་རིང་དཔལ་འཛོམས་བཅས་ཀྱིས་སཱི་ཤེས་ཡོན་སློབ་གསོའི་སྒྲོམ་གཞི་དང་ཁྲིད་ཐབས། དེ་བཞིན་དུ་ཐ་སྙད་གསར་པ་བཀོལ་སྤྱོད་བྱེད་ཕྱོགས། རྟེན་འབྲེལ་དང་མ་ལག་ལ་བསམ་གཞིགས། རང་གཞན་ལ་དམིགས་པའི་སྙིང་རྗེ། སེམས་མྱོང་སྟངས་འཛིན་སོགས་བརྗོད་གཞི་འདྲ་མིན་སྟེང་བྱེད་སྒོ་དང་སྦྲགས་ཟབ་ཁྲིད་གནང་ཡོད།ཕྱི་ཚེས་ ༢༣ ཉིན་གྱི་ཟབ་སྦྱོང་མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་མེའོ་ས་གནས་འགོ་འཛིན་ལགས་ཕེབས་ཏེ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་བླ་ན་མེད་པའི་སཱི་ཤེས་ཡོན་དེ་བཞིན་ད་ཆ་བོད་པའི་གཞི་རིམ་གྱི་སློབ་གྲྭ་ཁག་ལ་སློབ་ཁྲིད་གནང་བའི་དུས་ལ་བབས་པ་ཞིག་ཏུ་ངོས་འཛིན་གནང་གི་ཡོད། རྒྱ་གར་བྱང་ཤར་ཁུལ་ལ་འགྲུལ་བཞུད་ཁག་ནའང་། སཱི་ཤེས་ཡོན་གྱི་ཟབ་སྦྱོང་འདི་འདྲ་བ་གནང་བར་གཙོ་བོ་རང་གཞུང་ཤེས་རིག་ལས་ཁུངས་དང་མཐུན་འགྱུར་ཞུ་མཁན་སྦྱིན་བདག་རྣམས་དང་། བྱང་ཤར་ཁུལ་གྱི་ས་གནས་མེའོ་བསམ་བྷོ་ཊའི་སྔོན་འགྲོའི་རྒན་ལགས་དང་དགེ་ལས་རྣམ་པ། ར་ཝང་ལ། བསྟན་འཛིན་སྒང། རྡོར་གླིང། ཤི་ལོང་། ཏི་ཛུ་བཅས་ནས་ཕེབས་པའི་སྔོན་འགྲོའི་དགེ་རྒན་བཅས་མཉམ་ཞུགས་པ་ཚང་མར་དགའ་བསུ་དང་བཅས་སཱི་ཤེས་ཡོན་གྱི་ཟབ་སྦྱོང་དེ་བཞིན་སློབ་མ་རྣམས་ལ་ལག་བསྟར་གནང་སྐྱོང་ཡོང་བའི་འབོད་སྐུལ་བཅས་ཀྱི་གསུང་བཤད་གནང་། དེ་བཞིན་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་བྱང་ཤར་ཁུལ་གྱི་སྔོན་འགྲོའི་དགེ་རྒན་དང་། མེའོ་སམ་བྷོ་ཊའི་དགེ་རྒན་རེ་རེ་ནས་ཉིན་གསུམ་གྱི་རིང་ཟབ་སྦྱོང་ནང་མཉམ་ཞུགས་གནང་སྟེ་བློ་སྐྱེད་ཆེན་པོ་བྱུང་བ་དང་། ལག་བསྟར་བྱེད་པར་འབད་བརྩོན་ཆེན་པོ་བྱེད་རྒྱུ་ཡིན་སྐོར་གསུངས་སོང།ཐེངས་འདིའི་ཟབ་སྦྱོང་ནང་བྱང་ཤར་ཁུལ་གྱི་སྔོན་འགྲོའི་སློབ་གྲྭ་བདུན་ནས་སྔོན་དགེ་ ༡༢ དང་། མེའོ་སཾ་བྷོ་ཊ་སློབ་གྲྭའི་དགེ་ལས་ ༢༠ མཉམ་ཞུགས་གནང་ཡོད། ཟབ་སྦྱོང་འདི་ནི་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་ཞུས་པའི་སྔོན་དགེ་རྣམས་ལ་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་ཕུལ་ཐེངས་བཞི་པ་དེ་ཡིན། ཕྱི་ལོ་ ༢༠༡༩ ལོར་ལ་དྭགས་བོད་ཁྱིམ་ཁྱབ་ཁོངས་ཀྱི་སྔོན་དགེ་ཚོར་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་ཐེངས་དང་པོ་དང་། ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡ ནང་རྒྱ་གར་ལྷོ་ཕྱོགས་དང་དབུས་ཕྱོགས་སུ་ཡོད་པའི་སྔོན་འགྲོའི་སློབ་གྲྭའི་དགེ་རྒན་རྣམས་ལ་ཟབ་སྦྱོང་ཐེངས་གཉིས་པ། འདས་པའི་ལོ་གཉིས་ནང་ཏོག་དབྱིབས་གཉན་རིམས་ ༡༩ ཡི་རྐྱེན་པས་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་དང་གོ་རྟོགས་སྤེལ་ཐུབ་མེད། ཡིན་ན་ཡང་། ཕྱི་ལོ་ ༢༠༢༢ ཟླ་ ༦ ཚེས་ ༦ ནས་ ༨ བར་ཉིན་གསུམ་རིང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བྱང་ཕྱོགས་ཁུལ་གྱི་སྔོན་དགེ་ཚོར་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་ཐེངས་གསུམ་པ་བཅས་ཕུལ་ཡོད།སྔོན་འགྲོའི་དགེ་རྒན་དང་དགེ་ལས་ཚོར་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་ཕུལ་དགོས་པའི་རྒྱུ་མཚན་གཙོ་བོ་ནི། ཁོང་རྣམས་ཀྱི་སློབ་ཁྲིད་གནང་ཡུལ་ནི་སློབ་ཕྲུག་ཆུང་ཆུང་རྣམས་ཡིན་པས། སློབ་ཕྲུག་ཚོའི་མི་ཚེ་དོན་དང་ལྡན་པ་ཞིག་དང་། མི་ཚད་ལྡན་ཞིག་ཡོང་བའི་ཆེད་དུ་ཡིན། མི་ཚད་ལྡན་ཞེས་པ་ནི། ཡ་རབས་བཟང་སྤྱོད་དང་ལྡན་པ་དང་། གཞན་ཕན་གྱི་བསམ་བློ། མི་ཚང་མ་ལ་མིའི་འདུ་ཤེས་སྐྱེས་ཐུབ་པ་དེ་ཡིན། དེར་བརྟེན་སཱི་ཤེས་ཡོན་སློབ་གསོའི་ཟབ་སྦྱོང་འདི་ལ་བརྟེན་ནས་དྭངས་ཤིང་ལྷད་མེད་པའི་བྱིས་པའི་དུས་ནས་གོང་གསལ་གྱི་སེམས་ཁམས་དེ་གསོ་སྐྱོང་བྱེད་རྒྱུ་དང་། དེ་བཞིན་དགེ་རྒན་རང་ངོས་ནས་བྱམས་བརྩེ་དང་ལྡན་པའི་ཁོར་ཡུག་ཇི་ལྟར་བསྐྲུན་གྱི་ཡོད་པའི་ཉམས་མྱོང་དང་བསམ་ཚུལ་ཕན་ཚུན་བརྗེ་རེས་གནང་རྒྱུ་བཅས་ལ་དམིགས་པ་ཡིན།
ཕྱི་ཚེས་ ༢༤ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལྟ་གྲུབ་སློབ་དཔོན་དགེ་བཤེས་བསྟན་འཛིན་མཚན་ལེགས་མཆོག་ནས་མེའོ་ས་གནས་མི་མང་ལ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སྐོར་དང་། ཤེས་ཡོན་གྱི་གལ་གནད། ཁོར་ཡུག་གི་གལ་གནད་སོགས་ཀྱི་སྐོར་ཆུ་ཚོད་གཅིག་རིང་གསུང་བཤད་གནང་། ཉིན་གསུམ་གྱི་ཟབ་སྦྱོང་གི་འགྲོ་གྲོན་ཡོངས་རྫོགས་ལྦི་མ་ལ་ (VIMALA) ཚོགས་པ་ནས་མཐུན་འགྱུར་གནང་བ་བཅས།།