༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་དགུན་དུས་གྲོས་ཚོགས་འཚོགས་བཞིན་པའི་སྐབས་དང་བསྟུན། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༢ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་སྡེ་ཚན་གཉིས་ལ་ཆ་བགོས་ཀྱིས་རྒྱ་གར་དབུས་གཞུང་གི་བློན་ཆེན་དང་། གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་འགོ་འཛུགས་ཡོད།
དེ་ཡང་ཕྱི་ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོའི་ཚོགས་མི་བོད་མི་མང་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་ལགས་དང་། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས། འཕགས་བོད་འབྲེལ་མཐུད་ཚོགས་པའི་ལས་བྱེད་ཆོས་ཉིད་ཚེ་རིང་ལགས་བཅས་ནས་རིམ་པས། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་། རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་ལྷན་ཁང་གི་བློན་ཆེན་གཞོན་པ་སྐུ་ཞབས་ཇོན་ བྷར་ལ་ (Shri John Barla, MP Lok Sabha, BJP (Minister of State for Minority Affairs) མཆོག་དང་། རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ལ་ཧར་ སིངྒ་ སི་རོ་ཡ་ (Shri Lahar Singh Siroya, MP Rajya Sabha, BJP) མཆོག རྒྱ་གར་གྱི་རྒྱལ་པོའི་རིགས་རྒྱུད་དང་། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་རཱ་ཇཱ་ ལག་ཤི་མི་ ཤཧ་ (Smt. Mala Rajya Laxmi Shah MP Lok Sabha, BJP) མཆོག རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ལ་ཧར་ སིངྒ་ སི་རོ་ཡ་ (Shri Lahar Singh Siroya, MP Rajya Sabha, BJP) མཆོག རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷི་རན་དྷར་ པར་སཏ་ བྷེ་ཤི་ཡ་ (Shri Birendra Prasad Baishya, MP Rajya Sabha) མཆོག རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་ཚོགས་ཆུང་གི་ནང་པའི་སྐུ་ཚབ་ལྕམ་སྐུ་རིན་ཆེན་ལྷ་མོ་མཆོག་བཅས་ཁྱོན་བློན་ཆེན་ ༡ དང་། གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༤། རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་ཚོགས་ཆུང་གི་ནང་པའི་སྐུ་ཚབ་བཅས་དང་ལྷན་སོ་སོར་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད།དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་པའི་ཚོགས་མི་བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས། སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས་བཅས་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་གསལ་སྒྲོན་ལགས་བཅས་ཀྱིས་ཧ་རི་ཡ་ན་མངའ་སྡེ་ནས་ཡིན་པ་རྒྱ་གར་གྲོས་ཚོགས་གོང་མའི་བྷི་ཇེ་བྷི་སྲིད་དོན་ཚོགས་པའི་འཐུས་མི་སྐུ་ཞབས་རཱམ་ཆན་དྷར་ཇངྒ་རཱ་ (Shri Ram Chander Jangra, MP Rajya Sabha, BJP) མཆོག་དང་། ཇཱ་མུ་ཀ་ཤི་སྨིར་མངའ་སྡེ་ནས་ཡིན་པ་རྒྱ་གར་གྲོས་ཚོགས་འོག་མའི་ཀོང་རེ་སི་སྲིད་དོན་ཚོགས་པའི་འཐུས་མི་དང་ཇཱ་མུ་ཀ་ཤི་སྨིར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་འབུམ་རམས་པ་ཧྥེ་རོཀ་ཨབ་དྷུལ་ལཱ་ (Dr. Farooq Abdullah, MP Lok Sabha) མཆོག གུ་ཇུ་རཱ་ཏི་མངའ་སྡེ་ནས་ཡིན་པ་རྒྱ་གར་གྲོས་ཚོགས་འོག་མའི་བྷི་ཇེ་བྷི་སྲིད་དོན་ཚོགས་པའི་འཐུས་མི་སྐུ་ཞབས་ཧཱ་སི་མུཀ་བྷའེ་པཱ་ཊེལ་ (Shri Hasmukhbhai Patel, MP Lok Sabha) མཆོག རཱ་ཇ་སི་ཐན་མངའ་སྡེ་ནས་ཡིན་པ་རྒྱ་གར་གྲོས་ཚོགས་འོག་མའི་བྷི་ཇེ་བྷི་སྲིད་དོན་ཚོགས་པའི་འཐུས་མི་སྐུ་ཞབས་བྷ་ལཱཀ་ ནཱ་ཐ་ (Shri Balak Nath, MP Lok Sabha) མཆོག མཱ་དྷེ་ཡ་པར་དེ་ཤི་མངའ་སྡེ་ནས་ཡིན་པ་རྒྱ་གར་གྲོས་ཚོགས་འོག་མའི་བྷི་ཇེ་བྷི་སྲིད་དོན་ཚོགས་པའི་འཐུས་མི་སྐུ་ཞབས་དྷལ་སིངྒ་བྷི་སེན་ (Shri Dhal Singh Bisen, MP Lok Sabha) མཆོག མཱ་དྷེ་ཡ་པར་དེ་ཤི་མངའ་སྡེ་ནས་ཡིན་པ་རྒྱ་གར་གྲོས་ཚོགས་འོག་མའི་བྷི་ཇེ་བྷི་སྲིད་དོན་ཚོགས་པའི་འཐུས་མི་སྐུ་ཞབས་གུ་མཱན་སིངྒ་དྷ་མོར་(Shri Guman Singh Damor, MP Lok Sabha) མཆོག མཱ་ཧཱ་རཱ་ཤི་ཏི་ར་མངའ་སྡེ་ནས་ཡིན་པ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཤིབ་སེ་ནཱ་སྲིད་དོན་ཚོགས་པའི་འཐུས་མི་སྐུ་ཞབས་ཝི་ནཱ་ཡཀ་རཱོ་ཊ་ (Shri Vinayak Raut, MP Lok Sabha) མཆོག་བཅས་ཁྱོན་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་གྲངས་ ༧ དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུགབོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོའི་ངོས་ནས་བློན་ཆེན་མཆོག་དང་། གྲོས་ཚོགས་འཐུས་མི་རྣམ་པ་སོ་སོར་མཇལ་འཕྲད་ཀྱིས་ཐོག་མར་འཚམས་འདྲིའི་མཇལ་དར་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས། ཨིན་ཡིག་ཐོག་ཡོད་པའི་༧གོང་ས་མཆོག་གིས་ལྗགས་རྩོམ་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་ཕྱག་དཔེ་གཅིག་དང་། བོད་དེ་ནམ་ཡང་རྒྱ་ནག་གི་ཆ་ཤས་མ་རེད་ཅེས་པའི་ཕྱག་དེབ་གཅིག་བཅས་སོ་སོར་ཕུལ་རྗེས། བོད་མི་མང་སྤྱི་འཐུས་རྒྱུན་ལས་ངོས་ནས་གཏན་འབེབས་ལྟར་གྲོས་ཚོགས་འཐུས་མི་རྣམ་པར་དོན་ཚན་བཞིའི་ཐོག་ཞུ་སྐུལ་གནང་ཞིང་།དེ་ཡང་དོན་ཚན་བཞི་ནི། ༡) རྒྱ་ནག་གི་འགོ་ཁྲིད་ཚོས་རྒྱལ་སྤྱིའི་ཁྲིམས་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཡོད་པར་མ་ཟད་བརྩི་སྲུང་དགོས་པ། བོད་ཀྱི་གནད་དོན་དེ་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་ཙམ་མ་ཡིན་པར། རྒྱལ་སྤྱིའི་གནད་དོན་ཡིན་པར་ངོས་འཛིན་དང་དོ་ཁུར་བྱེད་དགོས་པ།
༢) རྒྱ་ནག་གིས་རྒྱ་གར་གྱི་བདེ་འཇགས་ལ་མུ་མཐུད་འཇིགས་སྣང་སྐུལ་བ་མ་ཟད། རྒྱ་གར་གྱི་ས་མཚམས་ལ་དཀའ་ངལ་བཟོས་དང་བཟོ་བཞིན་ཡོད། དེའི་ཕྱིར་བོད་ཀྱི་གནད་དོན་དེ་ཛ་དྲག་ཅིག་ཡིན་པ་དང་། ཁ་ཚ་དགོས་གཏུག་ཐོག་ནས་ཧ་ཅང་གལ་ཆེན་པོ་ཡིན་པར་ངོས་འཛིན་དགོས་པ་དང་། རྒྱ་གར་གྲོས་ཚོགས་འཐུས་མི་ཚོས་གནད་དོན་དེ་དག་ལ་དོ་སྣང་མང་ཙམ་གནང་རོགས།
༣) བོད་རྒྱ་འབྲེལ་མོལ་སླར་གསོའི་ཆེད་དུ་རྒྱ་ནག་སྲིད་གཞུང་དང་། ༧གོང་ས་མཆོག་གི་སྐུ་ཚབ་དབར་གྱི་གྲོས་མོལ་སླར་གསོ་བྱེད་པར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་རོགས།
༤) རྒྱ་ནག་གིས་དཔལ་འབྱོར་ཁོ་ནའི་ཆེད་དུ་ཐབས་ཤེས་སྣ་ཚོགས་ཀྱིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་གཏོང་བཞིན་པའི་རྐྱེན་གྱིས། རྒྱ་གར་གཙོས་འཛམ་གླིང་ཁྱོན་ལ་གནོད་འཚེ་གཏོང་བཞིན་ཡོད་པས། དེའི་ཕྱིར་བོད་ཀྱི་ཁོར་ཡུག་ལ་དོ་སྣང་མང་ཙམ་གནང་རོགས། བཅས་ཀྱི་ཐོག་རེ་སྐུལ་དང་། ཆབས་ཅིག་བོད་ཀྱི་ཆུ་བོའི་གནས་སྟངས་དང་། གནའ་དེང་གི་ཤེས་ཡོན་སྐོར། སློབ་གྲྭའི་གནས་སྟངས། བྱིས་པའི་གནས་སྟངས་སོགས་བོད་ནང་འཕྲད་བཞིན་པའི་ཛ་དྲག་གི་དཀའ་ངལ་གི་གནས་སྟངས་ཁག་ངོ་སྤྲོད་གནང་བ་མ་ཟད། དེ་དག་ལ་དོ་སྣང་དང་། ཐུགས་ཁུར་གནང་དགོས་པའི་སྐུལ་མ་ཡང་གནང་ཡོད།ལྷག་པར་དུ་ཚོགས་ཆུང་དང་པོས་བོད་དོན་ཞུ་སྐུལ་མཇལ་འཕྲད་སྐབས། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་རཱ་ཇཱ་ ལག་ཤི་མི་ ཤཧ་ (Smt. Mala Rajya Laxmi Shah, MP Lok Sabha, BJP) མཆོག་གིས་ཁོང་ཉིད་དུས་རྒྱུན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་པ་ཡོད་པ་དང་། བོད་དོན་བདེན་མཐའ་སེལ་ཐབས་ཐད་རོགས་རམ་གང་ཐུབ་གནང་འདོད་ཡོད་ཚུལ་སོགས་གསུངས་གནང་འདུག་པ་དང་།
དེ་བཞིན་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་བྷི་རན་དྷར་ པར་སཏ་ བྷེ་ཤི་ཡ་ (Shri. Birendra Prasad Baishya, MP Rajya Sabha) མཆོག་ནས་ཀྱང་ཁོང་ཉིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཞུ་མཁན་ཞིག་ཡིན་པ་དང་། བོད་ནི་རྒྱ་གར་གྱི་གྲོགས་པོ་ཡག་ཤོས་ཤིག་ཡིན་སྐོར་གསུངས་པ་དང་སྦྲགས། བོད་དོན་ཐོག་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་མདུན་པ་ཡོད་ཚུལ་དང་། ད་ལན་གྲོས་ཚོགས་ནང་བོད་དོན་སྐོར་གླེང་སློང་བྱེད་འདོད་ཡོད་ནའང་། གྲོས་ཚོགས་སང་ཉིན་ནས་གྲོལ་གྱི་ཡོད་པར་སོང་། སྐབས་རྗེས་མའི་གྲོས་ཚོགས་སྐབས་སུ་བོད་དོན་སྐོར་གླེང་སློང་གནང་རྒྱུ་ཡིན་ཞེས་དང་། དེ་བཞིན་རྒྱ་ནག་ཝུ་ཧན་ནས་ཁྱབ་གདལ་ཕྱིན་པའི་ཏོག་དབྱིབས་ནད་ཡམས་དེས་འཛམ་གླིང་ཁྱོན་ཡོངས་ལ་དཀའ་ངལ་བཟོས་ཡོད་ཚུལ་སོགས་ཀྱི་ཐོག་གསུངས་གནང་འདུགགཞན་ཡང་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོའི་ཚོགས་མི་རྣམ་པ་རྒྱ་གར་དབུས་གཞུང་གྲངས་ཉུང་མི་རིགས་ཚོགས་ཆུང་གི་ནང་པའི་སྐུ་ཚབ་ལྕམ་སྐུ་རིན་ཆེན་ལྷ་མོ་མཆོག་གི་ལས་ཁུངས་སུ་ཆེད་ཕེབས་ཀྱིས་ཁོང་དང་ལྷན་མཇལ་འཕྲད་གནང་སྟེ། བོད་ཀྱི་གནད་དོན་ཐོག་བཀའ་བསྡུར་ལྷུགས་པོ་གནང་རྗེས། བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་པ་དང་། དེ་བཞིན་རྡ་སའི་གངས་སྐྱིད་ཁུལ་གྱི་ལམ་ཁ་དེ་༧གོང་ས་མཆོག་གི་ཕེབས་ལམ་ཡིན་པར་སོང་། གང་ལེགས་བསྐྱར་བཟོ་དགོས་པའི་རེ་སྐུལ་ཡང་ཞུས་པར། ལྕམ་སྐུ་རིན་ཆེན་ལྷ་མོ་མཆོག་གིས་དེ་སྔོན་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལ་རོགས་རམ་གནང་ཡོད་ཚུལ་དང་། མ་འོངས་པར་ཡང་བོད་མི་རྣམས་ལ་རོགས་རམ་བྱེད་འདོད་ཡོད་ཚུལ་སོགས་གསུངས་འདུག ལྷག་པར་དུ་ཁ་སྔོན་ལྕམ་སྐུ་མཆོག་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུ་རྒྱུའི་གོ་སྐབས་བྱུང་བ་དེས། བསོད་ནམས་དང་། བསྐལ་བ་བཟང་པོ་བྱུང་ཡོད་ཚུལ་སོགས་གསུངས་གནང་འདུགབོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་པའི་ངོས་ནས་རྒྱ་གར་གཞུང་མང་གཉིས་ནས་མི་ལོ་དྲུག་ཅུ་ལྷག་གི་རིང་བོད་དང་བོད་མིར་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པ་དང་སྦྲགས། གཙོ་བོ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་སྔར་ལྷག་ཡོང་ཐབས་དང་། རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ནས་ད་བར་བོད་ནང་གི་ཛ་དྲག་གནས་སྟངས་མུ་མཐུད་གནས་ཡོད་པ་དང། ཕྱི་ལོ་ ༢༠༠༩ ནས་བཟུང་བོད་ནང་དུ་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བ་བོད་མི་སེར་སྐྱ་གྲངས་ ༡༥༧ ཙམ་གྱིས་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད་ཅིང།དེ་ནི་གཙོ་བོ་ཆབ་སྲིད་ཀྱི་ཐོག་ནས་བོད་ལ་དྲག་གནོན་དང་། བོད་ཀྱི་རིག་གནས་རྩ་མེད། མི་འབོར་སྤོ་བཤུག རིགས་རྒྱུད་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་པར་བརྟེན་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ་བ་ཞིག་ཡིན་པ་དང། ད་ལྟའི་ཆར་བོད་ནང་དུ་བོད་མི་རང་ལོ་བཞི་ནས་བརྒྱད་བར་གྱི་བྱིས་པ་མང་པོ་ཞིག་རྒྱ་གཞུང་གིས་བཙན་བཀའི་འོག་ནས་ཕ་མ་དང་ཁ་ཕྲལ་ཏེ་གཏན་འཇགས་སློབ་གྲྭར་བཅུག་པ་དང། བོད་ཀྱི་སྐད་ཡིག་ཆོས་དང་རིག་གནས་ཡུལ་སྲོལ་གོམས་གཤིས་བཅས་རྩ་མེད་གཏོང་ཐབས་ཀྱི་ལས་འགུལ་ཞིག་སྤེལ་བཞིན་པ། བོད་ཀྱི་ས་ཁུལ་ཁག་ཏུ་བོད་མི་རྣམས་ལ་བཙན་དབང་དང་མགོ་སྐོར་གྱི་འོག་ནས་རིགས་རྫས་ (DNA) བརྟག་དཔྱད་བྱས་ཏེ་བོད་མི་རྣམས་ཕྱོགས་ཡོངས་ནས་སྟངས་འཛིན་དང་དམ་དྲག་བྱེད་འགོ་བཙུགས་ཡོད་པ་སོགས་ལ་བརྟེན། བོད་མིའི་ངོ་བོ་དང་རིག་གནས་རྒྱུན་འཛིན་ཡོང་ཆེད་རྒྱལ་སྤྱིའི་ཐོག་ཏུ་རྒྱ་གར་གཞུང་གིས་ཐུགས་འགན་གཙོ་བོ་བཞེས་དགོས་པའི་འབོད་སྐུལ་དང་།རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་མཉམ་འབྲེལ་གྱི་ཐོག་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་ལ་རྒྱབ་སྐྱོར། ༧གོང་ས་མཆོག་གི་སྐུ་ཚབ་དང་། རྒྱ་ནག་གཞུང་གི་དབར་ཞི་མོལ་ཡོང་ཐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་དང་ཁོར་ཡུག་གི་ཚོགས་འདུ་སོགས་ཀྱི་ཐོག བོད་ཀྱི་རང་བྱུང་ཁོར་ཡུག་གིས་རྒྱལ་སྤྱིའི་ཐོག་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཀྱི་ཡོད་མེད་ཐད་ཚན་རིག་དང་མཐུན་པའི་ཞིབ་འཇུག་ཡོང་ཐབས་བཅས་ཀྱི་སྐོར་ཞུས་པ་མ་ཟད། གྲོས་ཚོགས་འཐུས་མི་རྣམས་ཀྱིས་བོད་ཀྱི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཡིག་ངག་གཉིས་ཐོག་ནས་ཞུས་ཡོད་པ་དང།དེ་བཞིན་བོད་དང་རྒྱ་གར་གྱི་ས་མཚམས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མི་གདོང་ཐུག་ཡང་ཡང་ཡོང་གི་ཡོད་པ་དེ། རྒྱ་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ལ་བརྟེན་ནས་བྱུང་ཡོད་པས། བོད་ཀྱི་གནད་དོན་ཐག་གཅོད་ཡོང་ཐུབ་ན་རྒྱ་གར་གྱི་བདེ་འཇགས་ལའང་ཕན་ཐོགས་ཆེན་པོ་ཡོད་པ་སོགས་ཕྱོགས་གང་ཐད་ནས་བོད་དོན་ཐད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་སོགས་ཞུས་གནང་ཡོད་འདུག་པ་བཅས། །