༄༅། །བེལ་ཇི་ཡམ་ནང་ཡོད་པའི་བོད་མི་རྣམས་ནས་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༡༠ ཉིན་བེལ་ཇི་ཡམ་གྱི་གྲོང་ཁྱེར་ཨན་ཊི་ཝར་པན་ (Antwerpen) དུ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༣ འཁོར་བའི་དུས་ཆེན་སྲུང་བརྩི་ཞུས་ཡོད།
དེ་ཡང་བེལ་ཇི་ཇམ་བོད་རིགས་ཚོགས་པའི་ཤེས་རབ་སྣང་བྱེད་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་དང་ནོ་སྦེལ་ཞི་བདེའི་བསྟོད་དབྱངས་རྔ་རོལ་དང་བཅས་དབྱངས་སུ་གྱེར་གྲུབ་མཚམས་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པའི་ཆེད་དུ་རང་སྲོག་བློས་བཏང་གནང་མཁན་རྒྱལ་གཅེས་པ་རྣམས་ལ་མྱ་ངན་གུས་འདུད་མཚོན་སླད་ངག་བཅད་སྐར་མ་གཅིག་རིང་ཞུས་ཡོད།དེ་རྗེས་བེལ་ཇི་ཡམ་བོད་རིགས་ཚོགས་པའི་ཚོགས་གཙོ་དཔལ་ལྡན་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གསུང་བཤད་གནང་སྐབས་གཙོ་བོ་བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་གནང་དགོས་པ་དང་། དེ་བཞིན་འབྱུང་འགྱུར་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ཏེ་གསུམ་བཅུའི་དུས་དྲན་སྐབས་མི་གང་མང་མཉམ་ཞུགས་གནང་དགོས་པའི་འབོད་སྐུལ་ཞུས་ཡོད། བེལ་ཇི་ཡམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ཀྱིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་དགོངས་འགྲུབ་སླད་བོད་མི་ཡོངས་ནས་ནང་ཁུལ་གྱི་རྙོག་གྲྭ་ཙག་ཙིག་ལ་མགོ་འཁོར་ནས་མ་བསྡད་པར་ཧུར་བརྩོན་གནང་དགོས་པའི་གལ་གནད་དང་།
གཞན་ཡང་མི་འབོར་གྲངས་བཤེར་གྱི་ལས་གཞིའི་ནང་བོད་མི་རྣམས་མཉམ་ཞུགས་གནང་དགོས་པའི་གལ་གནད་སོགས་ཀྱི་སྐོར་གསུངས་རྗེས་བེལ་ཇི་ཡམ་བོད་རིགས་ཚོགས་པའི་རྒྱུན་ལས་ཟུར་པ་ཁག་གཅིག་དང་། དེ་བཞིན་མཛད་སྒོར་བཅར་བའི་བེལ་ཇི་ཡམ་བོད་རིགས་ཚོགས་པ་སྐབས་བརྒྱད་པའི་རྒྱུན་ལས་རྣམས་ལ་ལག་འཁྱེར་གནང་ཡོད་པ་བཅས།།