༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༠༩ ནས་ ༡༢ བར་ནང་སྲིད་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་ས་གནས་ཀྱི་གནས་སྟངས་རྒྱུས་ལོན་དང་རྟོག་ཞིབ་སླད་ཆེད་ཕེབས་གནང་ཡོད། དེ་ཡང་ཕྱི་ཚེས་ ༠༩ དང་ ༡༠ ཉིན་ཀོ་ལི་གྷལ་དོན་ལྡན་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ཏེ་ས་གནས་འགོ་འཛིན་དགེ་ལེགས་འབྱུང་གནས་ལགས་དང་། མཉམ་འབྲེལ་དང་སོ་ནམ་སློབ་སྟོན་པའི་སྐུ་ཚབ། བརྒྱ་དཔོན་བཅས་ནས་ལག་བསྟར་བྱེད་བཞིན་པའི་ལས་འཆར་ཁག་དང་། ཉེ་ལམ་སྟོན་ཉེས་བྱུང་བར་རྟོག་ཞིབ་གནང་ཡོད།
ཕྱི་ཚེས་ ༡༡ དང་ ༡༢ ཉིན་ཧུན་སུར་རབ་རྒྱས་གླིང་དུ་ཕེབས་ཏེ་གསང་ཆེན་རྒྱུད་སྨད་གྲྭ་ཚང་དང་། རྫོང་དཀར་ཆོས་སྡེ། ཨོ་རྒྱན་གླིང་དགོན་པ་བཅས་སུ་གནས་མཇལ་དུ་ཕེབས་རྗེས་གཞིས་ཆགས་ཀྱི་གཞུང་ལམ་དང་ཁང་བཟོའི་ལས་འཆར་ཁག་ལ་རྟོག་ཞིབ་དང་། དེ་བཞིན་ཁོང་གིས་ས་གནས་ས་ཁང་ཚོགས་ཆུང་ལྷན་ཚོགས་འདུ་བསྐོང་ཚོགས་ཀྱིས་བསྐྱར་བཅོས་ཟིན་པའི་ས་ཁང་སྒྲིག་གཞི་ངོ་སྤྲོད་གནང་བ་མ་ཟད། གཞིས་ཆགས་ཀྱི་ཞིང་ཁའི་གནས་སྟངས་དང་སོ་ནམ་ཞིང་ལས་ཀྱི་ལས་གཞི་ཁག་ལ་རྒྱུས་ལོན་གནང་ཡོད་པ་རེད།
ཧུན་སུར་ཁུལ་དུ་རྟོག་ཞིབ་ལེགས་གྲུབ་བྱུང་མཚམས་དྲུང་འཕར་བསྟན་འཛིན་ནོར་བུ་ལགས་སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་ཕེབས་ཐོན་གནང་ཡོད་པ་བཅས།།