༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༡༢ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པ་སྐུ་ཞབས་སུཁ་ཝིནྡར་སིངྒ་སུ་ཁུ་ (Sukhvinder Singh Sukhu ) མཆོག་ལ་འཚམས་འདྲིའི་གསུང་འཕྲིན་ཞིག་གནང་བའི་ནང་འཁོད་དོན། ཉེ་ཆར་སྐུ་ཉིད་ཀྱི་ཆབ་སྲིད་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་སྟེ་སྐུ་ཉིད་ཀྱིས་ཧི་མཱ་ཅལ་མངའ་སྡེའི་སྐབས་བཅོ་ལྔ་པའི་སྤྱི་ཁྱབ་བློན་ཆེན་དུ་དམ་འབུལ་ཞུས་གནང་བར་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱི་དབུ་ཁྲིད་འོག་ཧི་མཱ་ཅལ་མངའ་སྡེ་འདི་བཞིན་མུ་མཐུད་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་སུ་འགྲོ་བའི་ཕྲན་རང་ཉིད་ལ་གདེང་ཚོད་ཡོད།
ཧི་མཱ་ཅལ་མངའ་སྡེའི་གཞུང་མང་གཉིས་ནས་གཏོང་ཕོད་ཆེན་པོའི་སྒོ་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་རྒྱ་གར་ནི་སོ་སོའི་ཁྱིམ་གཞིས་གཉིས་པ་ལྟ་བུར་རྩི་བཞིན་པའི་བོད་མི་རྣམས་དང་། བཞུགས་སྒར་རྡ་སར་བོད་མིའི་སྒྲིག་འཛུགས་ནས་ལས་དོན་སྒྲུབ་བཞིན་པ་བཅས་ལ་རྒྱབ་སྐྱོར་གནང་དང་གནང་བཞིན་པར་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞེས་ཞུ་རྒྱུ་ཡིན།
སླར་ཡང་ངས་སྙིང་ཐག་པ་ནས་འཚམས་འདྲི་ཞུ་བ་དང་ཆབས་ཅིག་ཏུ་སྐུ་ཉིད་ཀྱིས་གོ་བབ་མཐོ་བའི་ལས་ཁུངས་ཤིག་གི་ཐུགས་འགན་བཞེས་གནང་གི་ཡོད་སྟབས། སྐུ་གཟུགས་གསལ་ཐང་དང་བྱ་གཞག་ཐམས་ཅད་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། མ་འོངས་པར་ངས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་སྐུ་ཉིད་དང་དངོས་སུ་མཇལ་འཕྲད་ཀྱིས་འཚམས་འདྲི་ཞུ་ཐུབ་པའི་གོ་སྐབས་ཤིག་འཐོབ་པར་རེ་བ་རྒྱག་གི་ཡོད། ཅེས་འཁོད་ཡོད་པ་བཅས།།