༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༨ དང་ ༩ ཉིན་སོ་སོར་གནས་མཆོག་རྡོ་རྗེ་གདན་དུ་༸དཔལ་ས་སྐྱའི་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ལ་སྡེ་དགེ་དཔལ་ས་སྐྱ་པས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་ཐོག་བརྟན་བཞུགས་གོ་སྒྲིག་ཚོགས་པས་མགྲོན་འབོད་ལྟར་ཆོས་རིག་བཀའ་བློན་གྱི་སྐུ་ཚབ་ཏུ་ཆོས་རིག་དྲུང་འཕར་བདུད་འདུལ་རྡོ་རྗེ་ལགས་ཆེད་ཕེབས་གནང་ཡོད། དེ་ཡང་ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༨ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་དཔལ་ས་སྐྱའི་བརྩེ་ཆེན་ཐེག་གསུམ་ཆོས་འཁོར་གླིང་དགོན་དུ་མཁོན་རིགས་བསྟན་པའི་མངའ་བདག་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། ཕྱི་ཚེས་ ༩ ཉིན་སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་མཆོག་ལ་དཔལ་ས་སྐྱའི་བརྩེ་ཆེན་ཐེག་གསུམ་ཆོས་འཁོར་གླིང་དགོན་དུ་བརྟན་བཞུགས་བསྟར་འབུལ་ཞུས། ཕྱི་ཚེས་ ༩ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣༌༠༠ ཐོག་བཀའ་དྲིན་གཏང་རག་གི་གསོལ་སྟོན་མཛད་སྒོར་ཆོས་རིག་དྲུང་འཕར་མཉམ་ཞུགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།