༄༅། །ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༡༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་ཝེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༣༣ འཁོར་བའི་དུས་ཆེན་དང་སྟབས་བསྟུན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ལོའི་ཡར་ལུང་ཟོ་ཐང་གཟེངས་རྟགས་བོད་མི་ཞིང་པ་གཉིས་ལ་གནང་ཡོད།
དེ་ཡང་ཨོ་ཊི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་མི་ལྷག་པ་ཚེ་རིང་ལགས་ཀྱིས་ལོ་མང་རིང་སོ་ནམ་ཞིང་ལས་གཉེར་ཞིང་། གསར་གཏོད་ཀྱི་བསམ་བློ་དང་ཞུམ་པ་མེད་པའི་སེམས་ཤུགས་སྙིང་བཅངས་ཐོག་ཁྱོན་ཞིང་ཁ་ཨེ་ཀར་ ༣༥ ལ་སྣུམ་རྩ་བཏབ་པ་མ་ཟད། ཉིང་ཁུ་འཚག་འདོན་གྱི་འཕྲུལ་ཆས་ལ་བརྟེན་ནས་སྣུམ་བཏོན་ཞིང་། ཐོན་བསྐྱེད་སྣུམ་ཕྱིར་ཚོང་གི་ཡོང་འབབ་གང་ལེགས་གསོག་གི་ཡོད། ཁོང་གི་གཟེངས་སུ་ཐོན་པའི་སོ་ནམ་ཞིང་ལས་ཀྱི་ལས་དོན་ལ་བརྟེན་ནས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༢ ལོའི་ཞིང་པ་རྩེ་ཕུད་ཀྱི་ཡར་ལུང་ཟོ་ཐང་གཟེངས་རྟགས་གནང་ཡོད་པ་དང་། གཟེངས་རྟགས་སུ་ཧིན་སྒོར་འབུམ་གཅིག་དང་སྟོན་པའི་ཐང་ཀ་ཞིག་བཅས་གནང་ཡོད་པ་རེད།སྦེལ་ཀོབ་ལུགས་ཟུང་བསམ་གྲུབ་གླིང་གཞིས་ཆགས་ཀྱི་བློ་བཟང་རྒྱ་མཚོ་ལགས་ནི་ཧུར་བརྩོན་ཆེ་བའི་བོད་མི་གཞོན་སྐྱེས་ཞིང་པ་ཞིག་ཡིན་ཞིང་། ཁོང་གིས་ཞིང་ཁ་ཨེ་ཀར་ཁྱོན་ ༣༣ ལ་གོ་ཡུ་དང་། ཏ་ལའི་ཤིང་། ཀོ་ཕི། གཡེར་མ། ངང་ལག་སོགས་འདེབས་བཞིན་ཡོད། དེ་མ་ཟད་ཁོང་ལ་བརྩི་ཤིང་གསོ་སྐྱོང་ཁང་ཞིག་ཡོད་པ་དེས་ཤིང་སོན་ཚོང་སྒྱུར་གནང་གི་ཡོད་པའི་ཁར། ཞིང་པ་གཞན་རྣམས་ལ་སོ་ནམ་ཞིང་ལས་ཀྱི་ཐབས་རྩལ་འདྲ་མིན་བཀོལ་སྤྱོད་བྱེད་དགོས་པའི་སེམས་སྐུལ་གཏོང་གི་ཡོད་པ་རེད། ཁོང་གི་གཟེངས་ཐོན་སོ་ནམ་ཞིང་ལས་ཀྱི་ལས་དོན་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་འདི་ལོའི་གཞོན་སྐྱེས་ཞིང་པ་རྩེ་ཕུད་དུ་བདམས་ཐོན་གྱིས་ཡར་ལུང་ཟོ་ཐང་གཟེངས་རྟགས་གནང་ཡོད་པ་དང་། གཟེངས་རྟགས་སུ་ཧིན་སྒོར་འབུམ་གཅིག་དང་སྟོན་པའི་ཐང་ཀ་ཞིག་གནང་ཡོད།
ཞིང་པ་རྩེ་ཕུད་གཟེངས་རྟགས་ཀྱི་མཐུན་རྐྱེན་ཇར་མ་ནིའི་རོགས་ཚོགས་ (German Aid to Tibetans) ཀྱིས་སྦྱར་ཡོད་པ་བཅས།།