༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༩ ཉིན་གྱི་ཕྱི་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཡོད་པའི་བསྟན་འཛིན་སྒང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་ལེགས་པར་གྲུབ་སྟེ་འབུམ་སྡེ་ལར་ཕེབས་འབྱོར་སྐབས་ནུབ་ཀ་མེངྒ་རྫོང་གི་རྫོང་དཔོན་གཞོན་པ་ཀརྨ་ལེགས་སྐྱེས་ (Karma Leki, DC of West Kameng) ལགས་དང་། རྫོང་དཔོན་གཞོན་པ་གསང་མཁའ་འགྲོ་ལགས། དཔལ་ལྡན་ཐུབ་མཆོག་དགའ་ཚལ་གླིང་དགོན་པའི་མཁན་རིན་པོ་ཆེ་མཆོག དེ་བཞིན་ནུབ་ཀ་མེངྒ་རྫོང་གི་སྡེ་ཚན་ཁག་གི་འགན་འཛིན། ཁྱབ་ཁོངས་ས་གནས་གཞིས་མི་མང་ཚོགས་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༡༠ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འབུམ་སྡེ་ལར་རྟེན་གཞི་བྱས་པའི་དཔལ་ལྡན་ཐུབ་མཆོག་དགའ་ཚལ་གླིང་དང་དགོན་རྩེ་དགའ་ལྡན་རབ་རྒྱས་གླིང་གཉིས་སུ་མཆོད་མཇལ་དང་། འབུམ་སྡེ་ལ་ཁ་ཐོར་ས་གནས་འབྲེལ་མཐུད་པའི་ལས་ཁུངས་དང་ས་གནས་རང་བདེན་ཚོགས་ཆུང་གི་ལས་ཁུངས། ཡན་ལག་སྨན་རྩིས་ཁང་བཅས་སུ་འཚམས་གཟིགས་གནང་རྗེས་རང་རིགས་མང་ཚོགས་ལ་གསུང་བཤད་གནང་ཡོད།སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་བོད་དང་བོད་མིར་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན་སྟབས། བོད་མི་རྣམས་ནས་བཀའ་དྲིན་རྗེས་སུ་དྲན་པའི་སྒོ་ནས་མགོན་པོ་གང་ཉིད་མཆོག་གིས་བཀའ་སློབ་སྩལ་པ་རྣམས་བཀའ་བཞིན་བསྒྲུབ་རྒྱུར་དུས་རྟག་ཏུ་འབད་བརྩོན་ཞུ་དགོས་པའི་སྐོར་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ངོ་བོ་དང་ལས་འགན། ལས་དོན་གནང་ཕྱོགས་སོགས་ཀྱི་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། ད་ལྟའི་བཀའ་ཤག་གི་ངོས་ནས་གྲངས་ཐོ་གལ་ཆེར་འཛིན་བཞིན་ཡོད་པ་ལྟར་ལས་གཞི་རྣམས་འཆར་གཞི་དང་རྒྱུ་མཚན་ལྡན་པའི་སྒོ་ནས་གནང་རྒྱུ་ཡིན་ཞེས་དང་།གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་ལས་འགན་གཙོ་བོ་ནི་ཡང་དག་པའི་དབུ་མའི་ལམ་གྱི་སྲིད་བྱུས་གཞི་ལ་བཞག་ནས་བོད་ཀྱི་ལོ་རྒྱུས་ཚད་ལྡན་ཤེས་བཞིན་པའི་སྒོ་ནས་རྒྱལ་སྤྱིའི་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་དང་། གཞོན་སྐྱེས་རྣམས་ནས་བོད་ཀྱི་ལོ་རྒྱུས་གནས་བབ་ལ་དོ་སྣང་བྱེད་དགོས་རྒྱུ་གལ་ཆེན་པོ་ཡིན་པ་སོགས་ཀྱི་སྐོར་གསུང་བཤད་གནང་རྗེས་མང་ཚོགས་ཀྱི་དྲི་བར་ལན་འདེབས་གནང་ཡོད་པ་བཅས། །